རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་མཚོ་སྔོན་ལ་རོགས་རམ་བྱས་ཏེ། “བྱང་གསུམ”བཟོ་སྐྲུན་གྱི་སྐྱེ་ཁམས་ལྕགས་རི་ཇེ་བཀན་ལ་གཏོང་དགོས་བའི་རེ་འབོད་ཞུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

​མཚོ་སྔོན་ནི“རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་བྱེ་ཁུལ་ཆེ་གྲས་བཞི་པ་དང“བྱང་གསུམ”བཟོ་སྐྲུན་གྱི་གཙོ་གནད་ཞིང་ཆེན་ཞིག་ཀྱང་ཡིན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས2023ལོར“བྱང་གསུམ”མཁྲེགས་གཏོར་དམག་འཐབ་སྤེལ་འགོ་བརྩམས་པ་ནས་བཟུང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བ་དང་། དེ་བཞིན“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གནོད་འཚེ་འགོག་པ་དང་རིགས་དགར་ནས་ཐབས་ཇུས་ལག་བསྟར་བྱེད་པ་སོགས་བྱས་ནས། “བྱང་གསུམ”གྱི་བཟོ་སྐྲུན་སྐབས་དྲུག་པར་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད། “མཚོ་སྔོན་གྱིས་བཅོས་སྐྱོང་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ཏེ། འབྲེལ་ཡོད་བཅོས་སྐྱོང་ས་ཁོངས་ལ་ཚན་རིག་དང་མཐུན་པའི་འགོག་བཅོས་ཐབས་ཇུས་ལག་བསྟར་བྱས་ནས། སྐྱེ་ཁམས་ཀྱི་དཀའ་གནད་སྣེ་མང་ཐག་གཅོད་ཤུགས་ཆེན་བྱས་པའི་དུས་མཚུངས་སུ། ཉི་འོད་ནུས་པ་དང་བྱེ་བཅོས་ཀྱི་འཕེལ་རྒྱས་ཐབས་ལམ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བ། འཛུགས་སྐྲུན་དང་རྒུད་སྐྱོབ་ཀྱི་ལམ་སྲོལ་གཏིང་ཟབ་ཏུ་སྤེལ་བ། ནགས་སྲུང་པའི་སྤྱི་ཕན་ལས་གནས་བརྟན་པོ་ཡོང་བ་བཅས་བྱས་ནས། ཐོན་ལས་མཉམ་འདྲེས་དང་སྐྱེ་ཁམས་དམངས་ཕན་མངོན་འགྱུར་བྱུང་ཡོད་ཟེར།

རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་གྱི“བྱང་གསུམ”བཟོ་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་དུས་མཚུངས་སུ། གནས་ཚུལ་གསར་པ་དང་གནད་དོན་གསར་པ་སྔར་བཞིན་གནས་ཡོད། དེར་བརྟེན་ཁོས་མཚོ་སྔོན་གྱིས“ས་མཐོའི་ཐང་རྒོད་ཅན་འགོག་བཅོས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང”བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། མཐོ་གྲང་ཐན་ཁུལ་གྱི་སྔོ་ཁེབས་སླར་གསོ་དང་འཁྱགས་ཞུ་ཐང་རྒོད་ཅན་གྱི་རྐྱེན་རྩ་སོགས་ལ་དམིགས་ནས་མཁྲེགས་གཏོར་བྱས་ཏེ། འགག་གནད་དང་འབྲེལ་བའི་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་དགོས་པ་དང་། འཇོན་མི་འདྲེན་ཐབས་ལ་བརྟེན་ནས་གཞི་རིམ་གྱི་ལག་རྩལ་སྟོབས་ཤུགས་ཞན་པའི་གནད་དོན་ཞི་འཇགས་སུ་གཏོང་དགོས་པར་མ་ཟད། “བྱང་གསུམ”བཟོ་སྐྲུན་གྱི་གཙོ་གནད་རྫོང་དང་གྲོང་ཁྱེར་དུ་ཆེད་ལས་སྒྲིག་གཞི་སྔར་ལས་འཐུས་སྒོ་ཚང་དུ་བཏང་ནས། ཆེད་ལས་མི་སྣའི་དཔུང་སྡེ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པའི་གྲོས་གཞི་བཏོན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།