མཚོ་སྔོན་ཞིང་ཆེན་གྱིས“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྗེས་དྲན་ཞུ་བའི་ཚོགས་ཆེན་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་གྱིས“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྗེས་དྲན་ཞུ་བའི་ཚོགས་ཆེན་བསྡུས་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཧའེ་ཧུང་གིས་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོའི་དུས་ཆེན་ལ་སྨོན་འདུན་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པར་མ་ཟད། བུད་མེད་དང་བླངས་པར་དར་ཆ་སྤྲད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཅིན་ཀྲའེ་དང་ལིའུ་ཏ་ཡེ་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་སྲོལ་ཡིག་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་སྲོལ་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། བུད་མེད་ཀྱི་རྩལ་ནུས་མཐོ་རུ་གཏོང་བ་དང་ལས་གནས་སྟེང་ནས་བྱས་རྗེས་འཇོག་རྒྱུར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་གཅིག་མཚུངས་ཀྱི་སྒོ་ནས་མཉམ་དུ་སྐུལ་འདེད་བཏང་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་དུས་རབས་ཀྱི་འགན་འཁྲི་བློ་སྤོབས་ཆེན་པོས་འཁུར་བ་དང་། དྲིན་ཚོར་ཤེས་པ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་མི་ཚེའི་ཁ་ཕྱོགས་ཡང་དག་འཚོལ་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་འཛུགས་སྐྲུན་གྱི“གནས་བཞི”བཅས་ཀྱི་གཡུལ་ས་གཙོ་བོ་རུ་འགན་གཙང་ལེན་གྱི་བྱ་སྤྱོད་སྟོན་པ།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྲུན་རྒྱུ་གཙོ་གནད་དུ་བཟུང་ནས། མི་རིགས་སོ་སོའི་བུད་མེད་དང་བྱིས་པ་ཕན་ཚུན་བར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། “དམིགས་བསལ་གཉིས”ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་དཔལ་ཡོན་གྱི་དར་སྲོལ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས།  

ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་འཁྱེར་མཁན་དང་། གསུམ་བརྒྱད་དར་དམར་ཐུན་མོང་། བུད་མེད་དཔལ་ཡོན་ལས་གནས་བཅས་ཀྱི་མི་སྒེར་དང་ཐུན་མོང་ལ་གཟེངས་བསྟོད་བྱས་པ་དང་། ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་སྔོན་ཐོན་དཔེ་མཚོན་འཐུས་མིས“ལས་གནས་ཀྱི་སྟེང་ནས་རྐང་ཚུགས་པར་བྱས་ཏེ། བྱས་རྗེས་གསར་པ་འཇོག་རྒྱུ་ཡིན”ཞེས་པ་བརྗོད་དོན་དུ་བཟུང་ནས་བསམ་ཚོར་མཉམ་སྤྱོད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།