སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞིང་བཟོ་ཏང་དང་། དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམ་འདྲི་གནང་བ་དང་ཚོ་ཆུང་མཉམ་འབྲེལ་ཚོགས་འདུར་ཞུགས་སྐབས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་སྐྱོན་བྲལ་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་སྐྱོད་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོབ་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁྲོད་དོ་སྣང་ཆེན་པོ་བྱུང་། ཚང་མས་ཆེད་ལས་ཀྱི་དགེ་མཚན་ཡག་པོ་སྤྱད་དེ་བློ་གྲོས་དང་སྟོབས་ཤུགས་བཏོན་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་བྱས་རྗེས་གསར་པ་འཇོག་དགོས་པ་བསྟན།
ཚེས6ཉིན་གྱི་ཕྱི་དྲོར། ཞིང་བཟོ་ཏང་དང་དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་པར་དགའ་བསུ་ཞུས། ཨུ་ཡོན་དྲུག་གིས་འཐབ་ཇུས་འཆར་འགོད་དང་གཞི་རིམ་ཞབས་ཞུ། གསར་གཏོད་སྒུལ་ཤུགས་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།
ཨུ་ཡོན་པ་སངས་སྒྲོལ་མ་ནི་གངས་ལྗོངས་མཐོ་སྒང་གི་སྨན་བཅོས་ཡུལ་དངོས་དང་པོ་ནས་ཡོང་བ་ཡིན་ཞིང་། མོས་སྤྱི་ཁྱབ་ཧྲུའུ་ཅིར་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་མཐོ་སྒང་གི་ནད་གཞི་འགོག་བཅོས་བྱ་བར་ཐོབ་པའི་གྲུབ་འབྲས་མངོན་གསལ་མཚམས་སྦྱོར་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། པ་སངས་སྒྲོལ་མས་བཤད་རྒྱུར།
གཞི་རིམ་ནས་ཡོང་བའི་སྨན་བཅོས་མི་སྣ་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་སྐུ་དངོས་ལ་ང་ཚོ་རང་ཉིད་ཀྱི་བྱ་བ་སྙན་སེང་ཞུ་ཐུབ་པས་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད་འདོད་ལ། སེམས་འགུལ་ཆེན་པོ་ཐེབས་བྱུང་། ལོ་འདི་དག་རིང་འཕྲོད་བསྟེན་བྱ་བ་གཉེར་མཁན་མི་རབས་མང་པོས་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། ས་མཐོའི་ནད་འགོག་བཅོས་ཀྱིས་འཛམ་གླིང་གི་ནད་གཞི་ཚབས་ཆེན་གྱི་དཀའ་གནད་ཁྱད་བསད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་ལས་ང་ལ་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། ཕྱིར་སོང་རྗེས་ངས་ཚོགས་པའི་སྣེ་ཁྲིད་དེ་ས་མཐོའི་ནད་ཀྱི་འགོག་བཅོས་བྱ་བར་སྔར་ལས་ལེགས་པའི་སྒོ་ནས་ཤུགས་སྣོན་རྒྱུ་ཡིན།
ཨུ་ཡོན་པ་སངས་སྒྲོལ་མ་ཡོད་སའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་རུ། ཚེས་བདུན་ཉིན་གྱི་སྔ་དྲོ་རྒྱང་བསྟན་སྨན་བཅོས་མཉམ་ལས་ཤིག་ལེགས་གྲུབ་བྱུང་ནས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྨན་ཁང་གི་སྨན་པར་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་བཟོ་རྒྱུར་མཛུབ་ཁྲིད་བྱས་པ་རེད། ད་ལྟ་བོད་ལྗོངས་སུ་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཙུགས་ནས་འཐུས་ཚང་དུ་བཏང་སྟེ། རྫོང་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན། ཀྲང་ཆིང་ཏ་ཡིས་བཤད་རྒྱུར།
རྒྱང་བསྟན་ནད་བརྟག་དང་། སྨན་བཅོས་རུ་ཁག་གཞི་རིམ་དུ་སྐྱོད་པ། སྨན་པ་ཁྲི་སྟོང་གྲོང་གསེབ་ཏུ་སྐྱོད་པ། ས་གནས་དེ་གའི་སྨན་བཅོས་མི་སྣ་ཟབ་སྦྱོང་དང་སློབ་སྦྱོང་བྱེད་དུ་འཇུག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལག་རྩལ་རོགས་སྐྱོར་བྱས། ད་ལྟ་རྫོང་སྨན་ཁང་གིས་ས་གནས་དེ་གའི་ནད་པ་སྐྱོབ་བཅོས་ཀྱི་དགོས་མཁོ་སྤྱིའི་ཆ་ནས་ལེགས་འགྲུབ་བྱུང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས2035ལོར་སླེབས་སྐབས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཐུབ་པ་བྱ་རྒྱུ་ནི་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཡིན་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ནི་དམིགས་ཚད་དེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཡིན་པས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་མགྱོགས་མྱུར་གྱིས་བསྒྲུབ་སྟེ། ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བརྩོན་ལེན་བྱེད་དགོས་པ་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཨུ་ཡོན་ཚོར་སྐུལ་ལྕག་ཆེན་པོ་ཐེབས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ལིའུ་ཆི་ཧྥེང་གིས་བཤད་རྒྱུར།
ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་ཉན་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ཚང་མ་ཐུགས་སུ་བཟུང་ཡོད་ལ། ཚིག་འབྲུ་རེ་རེ་ལས་མི་དམངས་ལ་བཅངས་བའི་བརྩེ་སེམས་ཟབ་མོ་འདུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པ་བསྟན། གཞི་རིམ་གྱི་སྤྱི་ཕན་དགེ་སྒྲུབ་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་ང་ཚོས་རང་ངོས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་བསྣན་ནས་སྤྱི་པའི་ཞབས་ཞུ་གནད་འཁེལ་ཁ་གསབ་བྱེད་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། དབྱང་དབྱང་གིས་བཤད་རྒྱུར།
བག་ཆགས་ཟབ་མོ་ཞིག་བཞག་པ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་ཡུལ་དངོས་ནས་བདེ་ཐང་ཀྲུང་གོ་མང་དུ་གླེང་ཡོང་། དེ་སྤྱི་དམངས་རེ་རེ་དང་དབང་བོ་སྐྱོན་ཅན་ར་རེར་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ང་ཚོའི་དབང་པོ་སྐྱོན་ཅན་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེན་གནང་བཞིན་པ་ཚོར་ཐུབ། ང་ཚོར་རྒྱབ་རི་བརྟན་པོ་ཡོད་པས་ང་ཚོར་ཡིད་ཆེས་དང་སྐུལ་ལྕག་ཆེན་པོ་ཐེབས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཅུན་གྱིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཧྲིལ་པོ་རུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཁྱབ་ཡོད་པས། ངས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་བཟུང་བའི་ཁ་ཕྱོགས་སྔར་ལས་གསལ་བར་བྱས། སྤྱི་ཕན་རང་བཞིན་ཁྲིད་ཕྱོགས་སུ་འཛིན་པའི་བཅོས་བསྒྱུར་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ། རང་འགུལ་སྒོས་རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་དང་ཁ་གཏད་རོགས་སྐྱོར། འཇོན་མི་སྐྱེད་སྲིང་སོགས་ཀྱི་ལས་འགན་འཁུར་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་མ་ལག་ལྡན་པའི་བཟོ་སྐྲུན་ཞིག་ཡིན། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བཞིན་པའི་སྣ་མང་ཅན་གྱི་འཕྲོད་བསྟེན་བདེ་ཐང་གི་དགོས་མཁོ་ལ་གདོང་གཏོད་པར། ངེས་པར་དུ་གཙོ་གནད་འབུར་དུ་བཏོད་དགོས་ལ། ཁེ་ཕན་ཁྱབ་རྒྱ་ཆེ་བ་དང་སྐྲ་ཉག་མ་གཅིག་འཐེན་ན་ལུས་ཡོངས་འགུལ་བ་ལྟ་བུའི་བྱ་བར་དམ་པོར་དམིགས་ཏེ། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤུས་ལེགས་ཕན་མཐོའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པ། བདེ་ཐང་དང་དཔལ་ཡོན་གྱི་འཚོ་བ་རོལ་སྟངས་དར་སྤེལ་གཏོང་བ་སོགས་ཀྱི་ཐད་སྟོབས་ཤུགས་དང་ཐོན་ཁུངས་གཅིག་བསྡུ་དང་། བྱེད་ཐབས་ནུས་ལྡན་སྤྱད་ནས་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ལེན་དགོས། ཨུ་ཡོན་ཚོས་རང་སོ་སོའི་ཆེད་ལས་ཁྱབ་ཁོངས་དང་ལས་གནས་སུ། བདེ་ཐང་ཀྲུང་གོའི་རླབས་ཆེན་བྱ་གཞག་ལ་བྱས་རྗེས་འཇོག་རྒྱུ་ཡིན་པ་བསྟན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅང་ཅན་ཏུང་གིས་བཤད་རྒྱུར།
ད་ལྟ་ནས2035ལོར་བདེ་ཐང་ཀྲུང་གོ་བསྐྲུན་པའི་བར་ད་དུང་ལོ10མེད་པའི་དུས་ཚོད་ཡོད། ང་ཚོའི་སྨན་རྫས་རིག་པ་ཀྲུང་གོའི་ཐོག་མའི་གསར་གཏོད་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་དེ། “གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ཀྲུང་སྤྱོད། ”བྱས་པ་བརྒྱུད། ཀྲུང་གོ་རང་ཉིད་ལ་དབང་བའི་སྨན་རྫས་རིག་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གསར་སྐྲུན་བྱ་དགོས་ལ། ནད་གཞི་ཚབས་ཆེན་ལ་དམིགས་ནས་འགག་སྒྲོལ་རང་བཞིན་གྱི་ཐོག་མའི་གསར་བསྐྲུན་རང་བཞིན་གྱི་སྨན་གསར་བ་ཐོན་སྐྱེད་བྱས་ཏེ། ནད་པ་དང་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཅན་ཨན་གྱིས་བཤད་རྒྱུར།
ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ། སྨན་ཁང་ཆེན་མོའི་འགན་འཁྲི་འཁུར་གང་ཐུབ་བྱས་ཏེ། གཞི་རིམ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་གཞི་རིམ་སྨན་ཁང་གི་ནུས་པ་ཇེ་བརྟན་དུ་གཏོང་བ་དང་། གཞི་རིམ་མང་ཚོགས་ཀྱི་བདེ་ཐང་སྨན་བཅོས་ཀྱི་ཞབས་ཞུ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡུས་ཁྲུན་ཧྲུའེ་ཡིས་བཤད་རྒྱུར།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ནི་བདེ་ཐང་ཀྲུང་གོའི2035ལོའི་གོང་འོག་སྦྲེལ་མཐུད་ཀྱི་་ལོ་ལྔ་ཡིན། ང་ཚོས་རང་གི་ལས་གནས་ལ་རྐང་བཙུགས་ནས་ལས་རིམ་དང་པོ་རུ་སློབ་གསོའི་ཚན་རྩལ་འཇོན་མིའི་ཕྱོགས་བསྡུས་བཅོས་བསྒྱུར་ནས་འགོ་བཙུགས་ཏེ་འབྱུང་འགྱུར་གྱི་འཕེལ་ཕྱོགས་དང་འཚམ་པའི་སྨན་བཅོས་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱ་ངེས།
“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་བསླེབ་ལ་ཉེ་བས། མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་དང་རྒྱལ་ཁབ་ཕྱི་ནང་གི་བུད་མེད་སྤུན་ཟླ། ཕྱི་སྡོད་བུད་མེད་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས། ཚང་མས་ཐུགས་ཁུར་དེ་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་བུད་མེད་ཀྱི་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་པ་བསྟན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞའོ་རན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་བུད་མེད་སྤུན་ཟླ་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ལ། ང་ཡང་ཚང་མ་དང་འདྲ་བར་སྐུལ་མ་ཆེན་པོ་ཐེབས། ཚན་རྩལ་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས། མ་འོངས་པར་ང་ཚོས་སྔར་ལས་ཆེ་བའི་སྤོབས་པ་དང་འགན་འཁྲི་འཁུར་སེམས་བཅངས་ནས་བྱ་བ་བསྒྲུབ་རྒྱུ་ཡིན་ཞིང་། དཀའ་ཁག་ཆེ་བའི་བྱ་བ་བསྒྲུབ་ནས་གདོད་མའི་རང་བཞིན་དང་རྩ་སློག་རང་བཞིན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་ལས་ཀ་འདི་ལྟ་བུ་ལེགས་པར་བསྒྲུབ་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཐེན་ཧྲུའུ་ཞན་གྱིས་བཤད་རྒྱུར། ང་ལ་སྐུལ་ལྕག་ཆེན་པོ་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྔམ་བརྗིད་ལྡན་པའི་འཐབ་ལམ་སྟེང་། བུད་མེད་ཚང་མ་འབད་འཐབ་ཀྱི་མི་སྣ་གཙོ་བོ་ཡིན། དུས་རབས་གསར་པའི“ཞིང་པ་གསར་པ”ཞིག་ཡིན་པའི་ཆ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་ས་གསར་བ་ནས། ངས་གྲོང་གསེབ་ཏུ་རྐང་ཚུགས་པ་དང་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་ཐོག་མའི་སེམས་འདུན་ཇེ་བརྟན་དུ་བཏང་སྟེ། ཡུལ་མི་སྔར་ལས་མང་པོར་སྐུལ་ཁྲིད་བྱས་ནས་བདེ་སྡོད་ལས་འཕྲོད་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུ་ཡིན་ཞིང་། བུད་མེད་ཀྱི་སྟོབས་ཤུགས་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་སྟེང་བཀྲག་མདངས་འཚེར་བར་བྱ་དགོས།