ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་རྒྱས་འཛོམས་གྲོས་ཚོགས་དང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2པའི་ཚེས28ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་རྒྱས་འཛོམས་གྲོས་ཚོགས་དང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཡོངས་སུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྟེང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་ཏང་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་འགོ་བརྩམས་པ་དང་དེར་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཀྲེན་ཁྲང་གིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་རྒྱུ་ནི་ཏང་གཤིས་དང་འབྲེལ་བ་ཡོད་ལ། བྱེད་ཕྱོགས་དང་འབྲེལ་བ་ཡོད་པར་མ་ཟད། ལས་དོན་དང་འབྲེལ་ཞིང་མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་དང་འབྲེལ་ཡོད། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི། ད་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཡིན་ལ། དེའི་ཐད་དུ་ཀྲུང་དབྱང་གི་སྐུལ་སློང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག སྲིད་གྲོས་ཀྱི་བླང་བྱ་བཅས་ཡོད་པས། ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་དང་། སྤྱི་ཡོངས། ལག་ལེན་བཅས་ཕྱོགས་གསུམ་གྱི་ཐད་ནས་ངོས་འཛིན་ཟབ་མོ་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་ལེན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ལེན་པའི་འདུ་ཤེས་སེམས་སུ་བཅངས་ནས། སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བརྩིས་ཏེ། ཐོག་མའི་བསམ་འདུན་བརྟན་སྲུང་དང་སྲིད་འབྲས་ཀྱི་ཚད་ཤིང་འཛུགས་པ། སྲིད་གྲོས་ཀྱི་འགན་ནུས་ལ་རྐང་འཛུགས་པ་དང་འགན་སྒྲུབ་ཀྱི་བྱེད་ནུས་མཐོ་རུ་གཏོང་དགོས་ལ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གསར་པར་བརྟེན་ནས་སྲིད་གྲོས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྲིད་འབྲས་དེ་སུ་ཞིག་གི་ཆེད་དུ་འཛུགས་པ་དང་སྲིད་འབྲས་ཇི་ལྟ་བུ་ཞིག་འཛུགས་པ། ཅི་ཞིག་ལ་བརྟེན་ནས་སྲིད་འབྲས་འཛུགས་དགོས་པའི་དགོངས་དོན་གྱི་ངོ་བོ་དང་སྲོག་ཤིང་རྩ་གནད་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་དགོས། བྱེད་ཐབས་སྣ་མང་སྤྱད་ནས་སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། གཞུང་ལུགས་རྟོགས་པར་བྱེད་པ་བཅས་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ། མཐོ་སྒང་གི་ཁམས་གསོ་སོགས་འགན་སྒྲུབ་ལག་ལེན་དང་ཟུང་འབྲེལ་གྱིས་ཆེད་དོན་ཞིབ་འཇུག་དང་བགྲོ་གླེང་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས། གནད་དོན་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། བསམ་བློའི་ངོས་འཛིན་ཡང་དག་མིན་པ་དང་བྱེད་ཕྱོགས་དངོས་གཉེར་མིན་པ། ལམ་ལུགས་དོན་འཁྱོལ་མི་བྱེད་པ་སོགས་ཀྱི་གནད་དོན་དམིགས་སུ་བཟུང་སྟེ། སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་བྱེད་མང་ཚོགས། གཞི་རིམ་ལས་ཁུངས་སོགས་ཀྱི་བསམ་ཚུལ་དང་གྲོས་གཞི་རྒྱ་ཆེར་བསྡུ་ལེན་བྱས་ནས། གནད་དོན་གྱི་གསལ་ཐོ་བཟོ་བ་དང་དག་ཐེར་དངོས་འབེབས་ནན་འཛིན་བྱེད་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བཟང་པོར་བསྐྱོད་དེ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་སློབ་གསོ། སྨན་བཅོས། ལས་ཞུགས་ལས་གཏོད། སྐྱེ་ཁམས་དམངས་ཕན། གཞི་རིམ་བཅོས་སྐྱོང་སོགས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དམིགས་ནས་གྲོས་མོལ་གཏིང་ཟབ་ཏུ་སྤེལ་ཏེ། མང་ཚོགས་ཀྱི་འབོད་སྐུལ་ལ་ཉན་པ་དང་མང་ཚོགས་ཀྱི་རེ་འདོད་དང་ལེན་བྱེད་དགོས་ཤིང་། ཡུལ་བབ་དང་མཐུན་ཞིང་སྤྱོད་རུང་བ། དོན་འཁྱོལ་བྱེད་ཐུབ་པའི་བསམ་ཚུལ་དང་གྲོས་གཞི་བཏོན་ནས། ཏང་ཨུ་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཇུས་ཆོད་ལ་རམ་འདེགས་བྱེད་དགོས།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་ཚན་འཛུགས་པའི་ཇུས་གཞི་དང་དཔེ་ཀློག་འཛིན་གྲྭའི་ཇུས་གཞིར་གྲོས་ཞིབ་བྱས།

རིན་ཆེན་རྣམ་རྒྱལ་དང་ཀྲང་ཞའོ་རུང་། ལི་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། ཀྲུའུ་ཞང་ཏུང་བཅས་དང་ལས་ཁུངས་ཀྱི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།