ཟླ2པའི་ཚེས27ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། ཀྲུང་དབྱང་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི《ཏང་ཡོངས་སུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རང་ཞིང་གི་སློབ་སྦྱོང་སློབ་གསོའི་བྱ་བར་བཀོད་སྒྲིག་བྱེད་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན་སོགས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་འབྲས་ལྟ་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྲིད་འབྲས་སུ་ཞིག་གི་ཆེད་དུ་འཛུགས་པ་དང་། སྲིད་འབྲས་གང་འདྲ་ཞིག་འཛུགས་པ། སྲིད་འབྲས་གང་ཞིག་ལ་བརྟེན་ནས་འཛུགས་པ་སོགས་ཀྱི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་མང་པོའི་ཁྲོད་དམིགས་བསལ་གྱིས་དེའི་སྐོར་ནན་བཤད་གནང་ཡོད་པར་མ་ཟད། སྐུ་དངོས་སུ་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་བོ་དངོས་སུ་གཏན་འཁེལ་མཛད་པ་དང་བཀོད་སྒྲིག་གལ་ཆེན་གནང་ནས། སྲིད་འབྲས་ལྟ་བ་ཡང་དག་གི་ཚན་རིག་དང་མཐུན་པའི་གོ་དོན་དང་། དགོངས་དོན་གྱི་ངོ་བོ་དང་དོན་དངོས་ལག་ལེན་བཅས་ཀྱི་དོན་སྙིང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་སློབ་གསོ་སྔར་ལས་ལེགས་པོར་སྤེལ་བར་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་འདོན་སྤྲོད་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་ནས། ཏང་ཀྲུང་དབྱང་གིས་སློབ་སྦྱོང་སློབ་གསོ་སྤེལ་བའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ། དམངས་ཀྱི་ཆེད་དུ་སྲིད་འབྲས་ལེན་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ལེན་པ་རྒྱུན་འཁྱོངས་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་དངོས་སྒྲུབ་དངོས་གཉེར། མ་ལག་ལྡན་པའི་སྒོ་ནས་ཐབས་ཇུས་ལག་བསྟར་བྱེད་པ། གཅིག་ཤེས་ཀུན་གྲོལ་བཅས་བྱས་ཏེ། དཔེ་བསྡུར་དཔེ་ལྟ་ལག་བསྟར་བཅས་ཀྱི་ཆབ་སྲིད་རང་རྟོགས་དང་། བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོ་སྤེལ་འགོ་བརྩམས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོ་བར་སྣེ་ཁྲིད་དང་འགན་སྲུང་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམིགས་འབེན་དང་བླང་བྱར་དམིགས་ཏེ། “སྤྱིའི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དངོས་སྒྲུབ་དངོས་གཉེར”བཅས་ཀྱི་སྤྱིའི་བླང་བྱར་གོ་བ་ཟབ་མོ་ལེན་པ་དང་། ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྤེལ་ནས། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་ཞིབ་བཤེར་ལ་ནུས་ཤུགས་ཡོད་པ། དག་ཐེར་ལ་ཕན་འབྲས་ཐོན་པ་བཅས་བྱེད་དགོས། སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་ཏུ་བཏང་ནས་དཔེ་ཀློག་འཛིན་གྲྭ་དང་། ཆེད་དོན་བགྲོ་གླེང་། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”སོགས་ཀྱི་བྱེད་ཐབས་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་དང་ཉེན་བརྡའི་སློབ་གསོར་ཤུགས་བསྣན་ནས། ཏང་གཤིས་སྟེང་བར་ཁྱད་འཚོལ་བ་དང་འབྱུང་རྩར་ཞིབ་བཤེར་བྱེད་པ། བློ་སྦྱོང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་ཡག་པོར་འཛུགས་པ་དང་ལག་བསྟར་ཡག་པོ་བྱས་ནས། ན་གཞོན་ལས་བྱེད་པར་རང་རྟོགས་ངང་ཐོག་མ་ཉིད་ནས་སྲིད་འབྲས་ལྟ་བ་ཡང་དག་ཆགས་སུ་འཇུག་དགོས། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། བརྩོན་པ་རྣལ་མ་དང་སྟོབས་ཤུགས་དངོས་མར་བརྟེན་ནས་མཁྲེགས་སར་གཏུག་ཕོད་པ་དང་སྐྱོན་མཚང་བརྟོལ་ཕོད་པར་བྱེད་པ། གནད་དོན་གྱི་གསལ་ཐོ་དངོས་སུ་འདོན་པ་དང་། དཔེ་བསྡུར་ཚད་བསྡུར་དང་གནད་འཁེལ་ཇུས་འདོན་སྒོས་སྒྱུར་ཐུབ་པ་མྱུར་སྒྱུར་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་དགོས། སྔར་ནས་གནས་པར་མ་ཟད་གནས་སྐབས་སུ་རྦད་དེ་ཐག་གཅོད་བྱེད་དཀའ་བའི་གནད་དོན་ལ་འཆར་གཞི་བཟོ་བ་དང་དམ་པོར་དམིགས་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས་དག་ཐེར་ལེགས་པོ་བྱེད་དགོས། སྒོ་འབྱེད་སློབ་གསོ་རྒྱུན་འཁྱོངས་བྱེད་པ་དང་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་པ། ལྡོག་ཕྱོགས་ཀྱི་གྱོད་དཔེ་ཁག་ཅིག་ཁྱབ་སྒྲོག་ཐེར་འདོན་བྱེད་པ། སྔོན་ཐོན་དཔེ་མཚོན་ཁག་ཅིག་ཤུགས་ཆེན་པོས་འདེམ་སྐྲུན་བྱེད་པ། སྲིད་ཇུས་སྒྲིག་སྲོལ་སྐོར་ཞིག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཧུར་ཐག་གིས་ཐག་གཅོད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་ཏུ་བྱེད་པ་སོགས་མི་དམངས་མང་ཚོགས་ཀྱིས་སྔར་ལས་དངོས་སུ་ཚོར་ཐུབ་པར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དགོས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ལེགས་པོ་བྱེད་པ་དང་མིག་དཔེ་བསྟན་ཏེ། རིམ་པ་རེ་རེ་བཞིན་དུ་མིག་དཔེ་སྟོན་པ་དང་རིམ་པ་རེ་རེ་བཞིན་དུ་སྒྱུར་བཅོས་བྱས་ནས། སློབ་སྦྱོང་སློབ་གསོ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས། རིགས་དབྱེ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་བའི་འགན་འཁྲི་ནན་དཀྲི་བྱེད་པ། འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། རྩ་འཛུགས་ལག་བསྟར་ནན་མོ་བྱེད་པ། དངོས་ཡོད་གནད་དོན་མངོན་གསལ་སྒོས་ཐག་གཅོད་པ། སློབ་སྦྱོང་དང་དྲིལ་སྒྲོག་ཁྲིད་སྟོན་དམ་འཛིན་ནན་མོ་བྱེད་པ། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་རྨང་གཞི་བརྟན་པོ་འདིང་དགོས།
ལིའུ་མེ་ཕིན་དང་ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཚེ་རིང་ཐར། ཝང་ཏ་ནན། པད་གོ ཀྲུའུ་ཞང་ཧྥེང་། ཧོ་ལུའུ་ཁྲུན། ལིའུ་ཀང་བཅས་གྲོས་ཚོགས་སུ་ཞུགས།