མགོན་པོ་བཀྲ་ཤིས་ཀྱིས་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་འཚམ་འདྲི་བྱེད་སྐབས་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་མགོ་ལེགས་པོར་རྩོམ་པར་ཐུན་མོང་གི་ལྟ་གྲུབ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས་པ་ནན་གྱིས་བསྟན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ2པའི་ཚེས25ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་དེ་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་འཚམ་འདྲི་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཚབ་བྱས་ཏེ་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣར་ལོ་གསར་བའི་འཚམ་འདྲི་དང་སྨོན་ཚིག་ཕུལ་བར་མ་ཟད། མཉམ་ལས་ཀྱི་ཇུས་ཆེན་ལ་གྲོས་མོལ་དང་འགན་སྒྲུབ་ཀྱི་ལེའུ་གསར་བ་རྩོམ་པར་གྲོས་མོལ་བྱས།

མགོན་པོ་བཀྲ་ཤིས་སྔ་རྗེས་སུ་གྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་།  ཀྲུང་གོ་དམངས་གཙོ་མནའ་མཐུན།  ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཐུན་ཚོགས།    ཞིང་བཟོ་ཏང་།   དགུ་གསུམ་སློབ་ཚོགས་བཅས་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཁུངས་སུ་སོང་སྟེ། ལས་བྱེད་མི་སྣར་བརྩེ་བའི་ངང་ལག་འཇུ་བྱས་ནས་ཕན་ཚུན་ལ་འཚམ་འདྲི་བྱས་པ་དང་། སྡེ་ཁག་སོ་སོས་ལོ་སར་རྗེས་ཀྱི་བྱ་བ་འགོ་བརྩམས་པའི་གནས་ཚུལ་ལ་རྩད་འདྲི་ཞིབ་ཕྲ་བྱས་པར་མ་ཟད། འདས་པའི་ལོ་གཅིག་རིང་སྲིད་ཞུགས་སྲིད་གླེང་དང་དམངས་གཙོ་ལྟ་སྐུལ། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་ལ་རྒྱུས་ལོན་བྱས་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་བཞག་པར་བཀའ་དྲིན་ཞུས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། འདས་པའི་ལོ་གཅིག་རིང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཇོན་མི་མང་བ་དང་བློ་གྲོས་ལྡན་པ། འབྲེལ་བ་རྒྱ་ཁྱབ་ཡིན་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ནན་ཏན་གྱིས་སྲིད་ཞུགས་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་ཀྱི་འགན་ནུས་ལེགས་པོར་སྒྲུབ་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། དམངས་འཚོ་བཅོས་བསྒྱུར་ལ་འགན་སྲུང་བྱེད་པ་སོགས་ཀྱི“རྒྱལ་དོན་གྱི་ཆེ་ཕྱོགས”དང“ཞིང་ཆེན་གྱི་དོན་ཆེན”བསྐྲུན་པར་དམིགས་ཏེ། གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཞིབ་འཇུག་རྩད་གཅོད་བྱས་ཏེ། སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་བླངས་ཡོད་པ་དང་། རིན་ཐང་ལྡན་ཞིང་ཕན་འབྲས་ཆེ་བའི་བསམ་ཚུལ་བཏོན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྟོབས་ཤུགས་གལ་ཆེན་ཕུལ་ཡོད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་བ་མགོ་རྩོམ་པའི་ལོ་ཡིན་ལ་མཚོ་སྔོན་འཕེལ་རྒྱས་ཀྱི་གནད་འགག་གི་ལོ་ཡང་ཡིན། ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་ལས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་མཐུད་ངང་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་ལས་མཉམ་སྒྲུབ་དང་། ཏང་ཕྱིའི་མི་སྣའི་འབྲེལ་འདྲིས་དམ་ཟབ་དུ་གཏོང་བར་ཤུགས་སྣོན་དགོས། རྒྱུན་ཆད་མེད་པར་གྲོས་མོལ་ལམ་ལུགས་འཐུས་ཚང་དང་འགན་སྒྲུབ་སྤྱི་སྟེགས་འཛུགས་པ། ཞབས་ཞུའི་འགན་སྲུང་ལེགས་སྒྱུར་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲིད་གྲོས་ཀྱི་ལས་སྟེགས་སྟེང་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་བླང་བྱར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ། སྲོལ་བཟང་རྒྱུན་འཛིན་དང་། མཉམ་ལས་ལ་ཤུགས་སྣོན། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་དམ་པོར་དམིགས་པ། གནད་ལ་ཁེལ་བའི་ཐབས་འདོན་ཇུས་འབུལ་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་མགོ་ལེགས་པོར་རྩོམ་པར་ཐུན་མོང་ལྟ་གྲུབ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས་པའི་རེ་བ་ཡོད་པར་བསྟན།

དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྟན་དོན། ཐེངས་འདིའི་འཚམ་འདྲི་གོ་སྐབས་སུ་བཟུང་སྟེ། མགྱོགས་མྱུར་ངང་འགན་འཁྲི་ཁུར་སེམས་ཡོད་པའི་སྒོ་ནས་རང་ངོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཧུར་ཐག་གིས་ཞིབ་འཇུག་གྲོས་མོལ་བྱེད་པ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཀྲུང་གོ་གུང་ཁྲན་ཏང་དང་བློ་སེམས་གཅིག་མཐུན་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་བྱས་རྗེས་འཇོག་རྒྱུ་ཡིན་པར་བསྟན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞུན་དང་། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལི་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཏུང་བཅས་མཉམ་དུ་འཚམ་འདྲིར་ཞུགས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།