ཟླ2པའི་ཚེས27ཉིན། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་ཡིག་ཚགས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་ཡིག་ཚགས་ཅུས་ཀྲང་དང་འགོ་གཙོའི་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་བཅུ་པའི་དགོངས་དོན་དོན་འཁྱོལ་བྱས་ལ། ཡིག་ཚགས་བྱ་བ་སྒྲུབ་ནས་ལོ་སུམ་ཅུ་འགོར་ཡོད་པའི་མི་སྣར་ཐོག་དང་པོར་གཟི་བརྗིད་དཔང་ཡིག་བྱིན་པ་དང་། 2025ལོ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བ་སྤྱི་བསྡོམས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ཐབས་ལམ་གོ་རིམ་ལྡན་པའི་སྒོ་ནས་འཆར་འགོད་བྱས་ལ། 2026ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།
གྲོས་ཚོགས་ལས2025ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཡིག་ཚགས་སྡེ་ཁག་དང་རྒྱ་ཆེའི་ཡིག་ཚགས་ལས་དོན་པས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་བདེ་བླག་ངང་མཇུག་བསྒྲིལ། འདས་ཟིན་པའི་ལོ་ལྔའི་ནང་། ཏང་གིས་ཡིག་ཚགས་བྱ་བའི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། ཡིག་ཚགས་ཀྱི་མཛོད་ཁང་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ། ཡིག་ཚགས་ལོ་རྒྱུས་ཉར་ཚགས་བྱས་ཏེ་སྲིད་སྐྱོང་ལས་རོགས་ཀྱི་མི་གསོ་སྐྱོང་གི་བྱེད་ནུས་སྔར་ལས་མངོན་གསལ་ཡིན་པ། ཡིག་ཚགས་བྱ་བའི་སྤྱི་ཚོགས་ཀྱི་ཁྱབ་ཚད་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་ཡིག་ཚགས་ཀྱི་སྟོབས་ཤུགས་ཕུལ་ཡོད་ཅེས་བསྟན།
གྲོས་ཚོགས་ལས་ད་ལོའི་ཡིག་ཚགས་བྱ་བ་ལེགས་པོར་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྨང་གཞི་བརྟན་པོ་དང་གནད་དོན་གཏོར་བ། བདེན་སྲུང་གསར་སྐྲུན་གྱི་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཡིག་ཚགས་ལས་དོན་འཕེལ་རྒྱས་ཀྱི་འཆར་འགོད་དང་། “མ་ལག་བཞི”འཛུགས་སྐྲུན། 《མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་སོགས་གཙོ་གནད་བྱ་བ་ཡག་པོར་སྒྲུབ་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཡིག་ཚགས་ལས་བྱེད་པའི་དཔུང་ཁག་བསྐྲུན་པ། ཡིག་ཚགས་གཞི་གྲངས་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། ཡིག་ཚགས་ཀྱི་རྨང་གཞིའི་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཞབས་འདེགས་སྔར་ལས་ཡག་པོ་ཞུ་དགོས་པ་ནན་གྱིས་བསྟན།