དཔྱིད་གསར་གྱི་སྐབས་སུ། ས་གནས་སོ་སོས་ངར་ཤུགས་ཆེར་སྐྱེད་དང་འགན་འཁྲི་ཁུར་ཕོད་པར་བྱས་པ་དང་། དམིགས་འབེན་ལས་འགན་ལ་དམིགས་ནས་དོན་འཁྱོལ་དམ་འཛིན་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་པར་རམ་འདེགས་བྱས།
སྤུས་གསར་ཐོན་སྐྱེད་ནུས་ཤུགས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ། ད་ལོར། ཀྲེ་ཅང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པར་དམིགས་ཏེ། “དོན་སྤྱིས་ར་སྤྲོད་དང་། བར་དུ་ཚོད་ལྟ་ལེགས་པོ་བྱེད་པ། ཐོན་ལས་དངོས་འབེབས”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་བཙུགས་ནས། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ཐོན་སྐྱེད་ནུས་ཤུགས་དངོས་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།
ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒུལ་ནུས་ཇེ་དྲག་ཏུ་བཏང་། ལོ་སར་དུས་ཆེན་གྱི་གུང་གསེང་མཇུག་སྒྲིལ་བ་དང་། ཞིན་ཅང་ཧོ་ཨར་ཀོ་སི་འགག་སྒོ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཧ་ཅང་མང་ལ་ག་ས་གང་དུ་བྲེལ་ཚུབ་ཀྱི་རྣམ་པས་ཁེངས། ལོ་གསར་པའི་ནང་། ཞིན་ཅང་གིས་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་མཐོར་འདེགས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཡ་གླིང་དང་ཡོ་རོབ་ཀྱི་བགྲོད་ལམ་གཙོ་བོ་དང་ནུབ་ཕྱོགས་ལ་སྒོ་འབྱེད་པའི་ཟམ་སྣེའི་བཙན་རྫོང་སྐྲུན་གང་ཐུབ་བྱས།
ཀོང་ཞིའི་ཧྥང་ཁྲིན་གྲུ་ཁ་རུ། ཏུན་འབུམ་གསུམ་རིམ་པའི་གྲུ་ཁར་སླེབས་པའི་གྲུ་ལམ་འཛུགས་སྐྲུན་ལས་གཞི་ཨར་ལས་བྱེད་ཀྱིན་ཡོད། ད་ལོར། ཀོང་ཞི་ཡིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་དུ་ཆེ་རུ་བཏང་སྟེ། བྱང་རྒྱུད་མཚོ་ཁུག་རྒྱལ་སྤྱིའི་གཙོ་ཆེའི་གྲུ་ཁ་འཛུགས་སྐྲུན་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་བཏང་བ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་བརྗེ་རེས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། ཉོ་ཚོང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཕྱི་ཕྱོགས་ཉོ་ཚོང་ཁྲུའུ་ཡི་ཁྲུའུ་ཀྲང་ལེ་ཀྲུང་ཧྭ་ཡིས་བཤད་རྒྱུར། ང་ཚོས་ཀོང་ཞི་ཡི་མཚོ་རྒྱུད་དང་གཙང་རྒྱུད། མཐའ་མཚམས་བཅས་ཀྱི་ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་སྟོབས་ལྡན་ས་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དགོས་ཟེར།
གྲོང་གསེབ་དར་སྤེལ་གྱི་གསོན་ཤུགས་བསྐྱེད། མིག་སྔར། ཀོན་ཀྲུང་བདེ་ཐང་ནས་ཆིན་པ་རི་ཁུལ་བར་གྲོང་གསེབ་ཀྱི་ཡུལ་སྐོར་བ་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད། ད་ལོར། ཧྲའན་ཞི་ཡིས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད། བོད་ལྗོངས་ཀྱིས་སྐོར་ཐེངས་གསར་པའི་མཐོ་སྒང་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་འགུལ་སྐྱོད་སྤེལ་འགོ་བརྩམས། 2026ལོར། མཐོ་སྒང་དང་མཛེས་སྡུག་ལྡན་པའི་སྡེ་བ200གསར་དུ་བསྐྲུན་ནས། བདེ་སྡོད་དང་ལས་བསྐྲུན་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་ཞིང་སྡེ་ལེགས་པོར་བསྐྲུན་རྒྱུ་རེད། ད་ལོར་ཅང་ཞི་ཡིས་ཞིང་ལས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་ཁེལ་བྱས་ཏེ། ཐོན་ཚད་ཁྲག་ཁྲིག་རིམ་པའི་གཙོ་ཁྲིད་ཐོན་ལས་བདུན་སྟོབས་ལྡན་དུ་གཏོང་བ་དང་། ཐེར་འབུམ་རིམ་པའི་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས20འཕེལ་རྒྱས་སུ་བཏང་སྟེ། ཁྱད་ལྡན་དམངས་ཕྱུག་ཐོན་ལས་མགྱོགས་མྱུར་ངང་སྟོབས་ཆེན་དུ་གཏོང་རྒྱུ་རེད།