ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2པའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་སོགས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འགན་བསྒྲུབས་སྙན་ཞུ་ཕུལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུར་ཞིབ་བཤེར་མཛད་པ་མ་ཟད་བླང་བྱ་གལ་ཆེན་བཏོན་པ་དེ་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ།  རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པར་མཚོན་ན་དེ་ལས་ཀྱང་ཆབ་སྲིད་ཀྱི་སློབ་གསོ་གཏིང་ཟབ་ཅིག་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་ཡིན་པས། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་ཡོང་བ་དང་།  ཆབ་སྲིད་གཙོ་རྐྱེན་གདུབ་ཟུམ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས།   “སྲུང་སྐྱོང་གཉིས”ཁྲག་རྩ་དང་བྱ་སྤྱོད་ཁྲོད་འདྲེས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས།  ཆབ་སྲིད་ཀྱི་རྩ་དོན།  ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་དགོས།  ལྟེ་བའི་ལས་འགན་དང་དམ་སྦྲེལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་མཉམ་འདྲེས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དུས་ཚིགས་དང་པོའི “འགོ་ཡག་པོ་རྩོམ”པར་ཁག་ཐེག་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཏེ།  སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་འགོ་བརྩམས་ནས། ཕན་འབྲས་དངོས་ཐོབ་པར་ཁག་ཐེག་དང་ཕན་འབྲས་མང་ཚོགས་ཀྱིས་ཚོར་ཐུབ་པར་བྱེད་དགོས། སྤྱོད་ཚུལ་ནན་མོ་དར་སྤེལ་བཏང་སྟེ།     ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་དང་འགན་འཁྲི་ནན་དཀྲི་བྱས་ཏེ།     ཐོག་མཐའ་བར་གསུམ་དུ་གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་རྣམ་པ་བཅས་སྲུང་འཛིན་བྱས་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་བསྐྲུན་དགོས་པ་ནན་གྱིས་བསྟན། 

གྲོས་ཚོགས་ལས《ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི2026ལོའི་བྱ་བའི་གཙོ་གནད》དང《ཞིང་ཆེན་ཏང་ཨུས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་པའི2026ལོའི་ལོ་འཁོར་འཆར་གཞི》གྲོས་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་བཙུགས་ནས་ལོ105འཁོར་བ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་པས།  ཏང་འཛུགས་སྐྱོང་གི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་དང་འགན་འཁྲི་གལ་ཆེན་ལྡན་པས། ཏང་གི་གསར་གཏོད་གཞུང་ལུགས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ།     ཏང་འཛུགས་སྐྱོང་བྱ་བ་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་།     སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།     ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ་སོགས་ལྟེ་བའི་བྱ་བ་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ།  ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་དངོས་སུ་འཕེལ་རྒྱས་ཀྱི་ལེགས་ཆ་དང་བཅོས་སྐྱོང་གི་ནུས་ཕྱོད་དུ་བསྒྱུར་དགོས།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།     སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་རྣམ་པ་མུ་མཐུད་སྲུང་འཛིན་བྱས་ཏེ།     “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དབང་འབྲུ་རིགས་ཁེ་ལས་བཅོས་སྒྱུར་སྔར་ལས་གཏིང་ཟབ་བྱེད་པའི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ས་ཁོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་འཕྲལ་བསྟུན་མཁོ་སྤྲོད་དེ་བཅོས་སྒྱུར་གྱི་འགོ་རྩོམ་སར་བརྩིས་ནས། ཆབ་སྲིད་ཀྱི་འགན་འཁྲི་ནན་མོར་འཁུར་བ་དང་།   གཙོ་གནད་དང་དཀའ་གནད་ལ་ཤུགས་ཆེན་པོས་དམིགས་ཏེ། ཐོག་མཐའ་བར་གསུམ་དུ་དངོས་སྒྲུབ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།     བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་བ།  ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ།     དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས། བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།