རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་པེ་ཅིང་དུ་གྲོལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཚེས26ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་གནང་།གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཟིན་ལ་རྩ་དོན་སྟེང་གྲོས་འཆམ་བྱུང་།ཨུ་ཡོན་ཀྲང་གྲོས་ཚོགས་ལས་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྙན་ཞུ་འབུལ་བར་མངགས་བཅོལ་བྱ་རྒྱུའི་གྲོས་འགོ་བཏོན།  གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་གཙང་བཤེར་བྱ་བ་བསྒྲུབས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཀྱི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུའི་མ་ཟིན་ལ་རྩ་དོན་སྟེང་གྲོས་འཆམ་བྱུང་། ཨུ་ཡོན་ཀྲང་གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་དེར་ཡིག་ཐོག་ནས་གྲོས་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན།གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་ཅང་ཁྲེང་ཧྭ་ཡི་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་མེད་པར་བཟོས་ཤིང་།  དབྱང་ཧི་ཆིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོས།གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་ལིའུ་ཧྲའོ་ཡུན་གྱི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་ཁྲིམས་ཁང་གི་འགོ་གཙོའི་གོ་གནས་མེད་པར་བཟོས།གྲོས་ཚོགས་ལས་ད་དུང་བསྐོ་འཐེན་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ། དེ་དག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་བར་ཐག་བཅད་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཟུར་ཞུགས་མི་སྣའི་མིང་ཐོ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།གྲོས་ཚོགས་ལས་འབྲེལ་ཡོད་བརྡས་ཐག་གཅོད་པའི་དོན་དག་བསྒྲུབས་རྗེས་ ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་།ཀྲའོ་ལེ་ཅི་ཡིས་བསྟན་དོན།  འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་འཕེལ་རྒྱས་དང་ཕན་འབྲས་གསར་པ་ཐོབ་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཟིན་ལ་གྲོས་ཞིབ་བྱེད་སྐབས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཟུར་ཞུགས་བློ་མཐུན་དག་སྙན་ཞུའི་མ་ཟིན་ལ་ཡོངས་ཁྱབ་ཏུ་འཐད་པ་བྱུང་བ་དང་ཆབས་ཅིག་ཏུ་བསམ་འཆར་དང་གྲོས་འགོ་ཁ་ཤས་ཀྱང་བཏོན་པས།  དོན་ཚན་རེ་རེ་བཞིན་གསེད་བཀྲོལ་ཞིབ་འཇུག་བྱས་ཏེ། སྙན་ཞུའི་མ་ཟིན་བཟོ་བཅོས་ཡག་པོ་བྱེད་པ་དང་འཐུས་ཚང་དུ་བཏང་ནས་གོ་རིམ་ལྟར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་འབུལ་དགོས། ཀྲའོ་ལེ་ཅི་ཡིས་བསྟན་དོན། ཏང་ཀྲུང་དབྱང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ཡག་པོ་འཚོག་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།  ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་འཐུས་མི་ཡོངས་དང་མཉམ་དུ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་།   བློ་བསྡུས་ལེགས་འཚོལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ནས་ཏང་གི་འདོད་ཚུལ་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་ནས་རྒྱལ་ཁབ་ཀྱི་འདོད་བློ་དང་མི་དམངས་ཀྱི་ཐུན་མོང་འགུལ་སྐྱོད་དུ་འགྱུར་བར་འགན་སྲུང་བྱེད་དགོས། ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཁེངས་སྐྱུང་སྒོས་འཐུས་མི་རྣམས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་བཏོན་པའི་བསམ་འཆར་དང་གྲོས་འགོར་ཉན་པ་དང་དང་ལེན་བྱས་ནས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་དགོས།  གསར་འགྱུར་དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡག་པོ་བྱས་ཏེ། ཡིད་ཆེས་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ནས་སེམས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ཚོགས་སྲོལ་བཟང་པོ་དར་སྤེལ་གཏོང་བ་དང་གྲོས་ཚོགས་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཧུར་བརྩོན་གྲོན་ཆུང་ལག་བསྟར་ནན་ཏན་བཅས་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་སྤྱོད་བཟང་གཞུང་དྲང་དང་དངོས་སྒྲུབ་ནུས་ཆེ་ཡོང་བར་འགན་སྲུང་བྱེད་དགོས།མཇུག་སྒྲིལ་གྲོས་ཚོགས་གྲོལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་གཅིག་པ་སྤེལ།རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས26ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།