ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་པུའུ་ཀྲང་དང་། འཕྲིན་བཅར་ཅུས་ཀྲང་གི་གྲོས་ཚོགས་དང་སྤྱི་ཚོགས་ཚོགས་སྤྱིའི་ཞབས་ཞུ་དོ་དམ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2པའི་ཚེས26ཉིན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་དང་འཕྲིན་བཅར་ཅུས་ཀྲང་གི་གྲོས་ཚོགས་དང་སྤྱི་ཚོགས་ཚོགས་སྤྱིའི་ཞབས་ཞུ་དོ་དམ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། 2025ལོའི་བྱ་བར་ཕྱོགས་སྡོམ་དང2026ལོའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་འདས་བའི་ལོ་གཅིག་རིང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་དོན་དང་འཕྲིན་བཅར་ལས་དོན་ལ་ཐོལ་བརྒལ་གསར་པ་བྱུང་བ་དང་། 2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་བ་འགོ་ཚུགས་པའི་ལོ་ཡིན་པས་། སྤྱི་ཚོགས་བཅོས་སྐྱོང་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་། རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ་དང་། གནད་དོན་ཐག་གཅོད་བྱེད་པ་། ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་ཡོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

གྲོས་ཚོགས་ལས་ནན་གྱི་བསྟན་དོན། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། རིགས་བགར་ནས་བསམ་བློའི་ཁྲིད་སྟོན་བྱེད་པར་ཤུགས་སྣོན་བྱས་ཏེ། རྩ་འཛུགས་ཀྱི་ཁེབས་ཚད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་ལེགས་སྒྲིག་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཏང་ཡོན་འཕེལ་རྒྱས་ཀྱི"མེ་སོན་འཆར་གཞི"ལག་བསྟར་གཏིང་ཟབ་བྱས་ཏེ"ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་ཏང་འཛུགས་སྐྱོང་ལ་དོ་དམ་བྱེད་པ་དང་ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་ཏང་འཛུགས་སྐྱོང་དོ་དམ་བྱེད་དགོས་པའི"འགན་འཁྲི་ནན་དཀྲི་བྱེད་པ་དང་། ཏང་གིས་གསར་དར་ཁྱབ་ཁོངས་ཀྱི་གཅིག་སྡུད་ནུས་པ་དང་ཤུགས་རྐྱེན་གྱི་ནུས་པ། འབོད་སྐུལ་གྱི་ནུས་པ་བཅས་ཆེར་བསྐྱེད་བྱེད་དགོས།  སྤྱི་ཚོགས་ཀྱི་ཚོགས་སྤྱིར་ཞབས་ཞུ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཚོགས་པ་སོ་སོའི"སེམས་ཁྲལ་བྱ་ཡུལ"ཐག་གཅོད་བྱ་རྒྱུ་དེ་བྱ་བའི་གསལ་ཐོའི་ནང་བཅུག་སྟེ། རྒྱུན་རྣམ་ཅན་གྱི་རྣམ་པས་ཞབས་ཞུའི་སྟོབས་ཤུགས་གཅིག་སྒྲིལ་དང་གནད་སྨིན་རོགས་སྐྱོར་བྱེད་པ་དང་། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་བཞིན་པའི་གནད་དོན་མངོན་གསལ་ཅན་ལ་སྒྲུབ་སྐུལ་བྱེད་པ་དང་། དུས་བཀག་ལྟར་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་ཚོར། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་ཀའི་ཕན་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། གྲོང་ཚོའི་བྱ་བའི་དོན་ཚན་ཞུགས་འཐུས་ལམ་ལུགས་འཐུས་ཚང་དུ་གཏོང་བ། 12345འབྲེལ་ལམ་དང་དྲ་རྒྱའི་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ། སྡེ་ཁུལ་གྱི་སྣ་མང་མཉམ་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་སྤྱི་ཚོགས་ཀྱི་ལས་བྱེད་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས། མང་ཚོགས་ལ་ཞབས་ཞུ་བྱེད་པའི་བྱ་བ་་གཅིག་སྡུད་བྱེད་པ་ཤུགས་སྣོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཕྲིན་བཅར་བྱ་བ་ལེགས་པོར་སྒྲུབ་པ་དང་། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། བྱ་བ་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བར་མངོན་གསལ་གྱི་ཕན་འབྲས་ལྡན་པར་བྱེད་པ། བརྩེ་སེམས་ལ་བརྟེན་ནས་དང་བླངས་ཞབས་ཞུའི་བྱ་བ་ལེགས་པར་བསྒྲུབས་ཏེ་ཆེད་ལས་ཅན་དང་། དམངས་འཚོའི་རིགས། མང་ཚོགས་དང་འབྲེལ་བ་ཡོད་པ་བཅས་ཀྱི་དང་བླངས་ཞབས་ཞུ་རྒྱ་ཁྱབ་ཏུ་སྤེལ་ནས། མཐོ་སྒང་འདིའི་ཆེས་བརྩེ་སེམས་ལྡན་པའི་ཞབས་ཞུ་བ་བྱེད་དགོས།  ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་བསམ་ཚུལ་བསྡུ་རུབ་བྱ་བ་ལེགས་པོར་བསྒྲུབས་ཏེ།  ཤོག་བུའི་སྟེང་བསམ་ཚུལ་འདོན་པ་དེ་དོན་ཐོག་ཏུ་འཁྱོལ་བའི་དོན་དངོས་སུ་འགྱུར་བར་བྱས་ཏེ། “ཐབས་མཆོག”ལ“གསེར་གྱི་འབྲས་བུ”སྨིན་པར་བྱེད་དགོས།

གྲོས་ཚོགས་སྟེང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ཞིང་ཆེན་ཁྲིམས་འཛིན་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས། ཞིང་ཆེན་ཏང་ཨུའི་གསར་པ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་ཁུངས་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་ཨུ་སོ་སོའི་ལས་བགོས་འགན་འཁུར་བློ་མཐུན། སྤྱི་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་། འཕྲིན་བཅར་ཅུས་ཀྱི་ཅུས་ཀྲང་བཅས་ཚོགས་འདུར་ཞུགས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།