ཟླ2པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་སྤྱི་བསྡོམས་དང2026ལོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་བྱ་བ་བཀོད་སྒྲིག་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཕན་འབྲས་སྤྱི་བསྡོམས་དང་འགན་འཁྲི་ནན་དཀྲི། ལས་འགན་བཀོད་སྒྲིག གཙོ་གནད་ཁ་གསལ་བཅས་བྱས་ནས། ཆོད་སེམས་དང་ཤུགས་ཚད་སྔར་ལས་ཆེ་བའི་སྒོ་ནས་གཅིག་སྡུད་བཅོས་སྒྲིག་བྱས་ཏེ། མང་ཚོགས་ལ་སྔར་ལས་འགྱུར་ལྡོག་གསར་པ་ཚོར་ཐུབ་པ་དང་ཕན་འབྲས་ངོ་མ་ཐོབ་ཏུ་བཅུག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ལ། ལིའུ་ཆི་ཧྥན་གྲོས་ཚོགས་སུ་ཞུགས།
ཝུའུ་ཞའོ་ཅུན་གྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་ཡང་ཡང་ནན་བཤད་གནང་པའི་དོན་དག་གལ་ཆེན་ཞིག་ཡིན་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་པའི་ལོ་ཡིན་ལ། གཅིག་སྡུད་བཅོས་སྒྲིག་གི་མཁྲེགས་གཏོར་ཐག་གཅོད་ཀྱི་ལོ་ཡང་ཡིན་པས། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་དངོས་ཀྱི་ཐོག་ནས་གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁ་སྔར་ལས་ཆེ་བ་ཧུར་ཐག་གིས་བརྩོན་ལེན་བྱས་ནས། ལས་རིགས་ཀྱི་སྤྱོད་ཚུལ་བསྐྱར་སྐྲུན་དང་། གཞི་རིམ་བཅོས་སྐྱོང་ལེགས་པོ་བྱེད་པ། མང་ཚོགས་ལ་ཕྱོགས་བསྡུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱ་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་ཐག་གཅོད་དམག་འཐབ་ཀྱི་སྟོབས་ཤུགས་བཏོན་ནས་ནུས་ཤུགས་ཡོད་རྒུས་ཕར་རྒོལ་བྱས་ཏེ། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་སློབ་གསོ་དང་སློབ་སྦྱོང་བྱེད་པ་གོ་སྐབས་སུ་བརྩི་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཐེབས་པའི་བྱ་སྤྱོད་ལ་ཕར་རྒོལ་བྱས་ཏེ། གྱོད་སྒྲུབ་སྣེ་ཁྲིད་རྒྱུན་འཁྱོངས་དང་སྟོབས་ཤུགས་སྲ་བརྟན་དང་ཞན་ཆ་ཁ་གསབ་བྱ་རྒྱུ་དམ་འཛིན་ནན་མོ་བྱས་ནས། ལོ་འགོར་འགོ་ཡག་པོ་རྩོམ་པ་དེ་ལོ་ཧྲིལ་པོར་བཟང་བ་དང་ལོ་གསུམ་ལ་བཟང་པོ་ཡོང་བ་མངོན་འགྱུར་བྱ་དགོས། གནད་དོན་གཙོ་བོར་དམིགས་ཏེ་མཁྲེགས་གཏོར་དཀའ་སེལ་བྱས་ནས། ཞིང་སྡེའི་ཐུན་མོང་གི“མ་དངུལ་གསུམ”དོ་དམ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་རོགས་མངག་ཉོ་དང་སློབ་ལྭ་ཉོ་བའི་ཟང་ཟིང་གི་རྣམ་པ། དམངས་འཚོ་མངའ་ཁོངས་ཀྱི་འཕྲིན་བཅར་གནད་དོན་བཅས་གཙོ་གནད་དུ་བཅོས་སྒྲིག་བྱས་ཏེ། ཆ་ཤས་ཀྱི་འཕྲལ་རྒོལ་ལ་བརྟེན་ནས་སྤྱིའི་སྐུལ་འདེད་ལ་སྐུལ་ཁྲིད་བྱ་དགོས། མང་ཚོགས་ཀྱིས་བརྗོད་གཞི་འདོན་པ་དང་། མང་ཚོགས་ཀྱི་ལྟ་སྐུལ། མང་ཚོགས་ལ་ཚོར་བ་ཡོད་པ་བཅས་བརྒྱུད་རིམ་ཧྲིལ་བོར་བཅོས་སྒྲིག་བྱེད་པའི་ཁྲོད་ཁྱབ་པར་བྱས་ཏེ། མང་ཚོགས་ཀྱི་ཁེ་ཕན་ཡོད་ཚད་ལ་གནོད་པ་ཡོད་པའི་བྱ་སྤྱོད་བཅོས་སྒྲིག་ནུས་ལྡན་བྱ་དགོས། འགན་འཁྲིའི་མུ་ཕྲེང་དམ་ཟབ་བྱས་ནས་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། ཏང་སྲིད་ཀྱིས་འགན་འཁྲི་གཙོ་བོ་འཁུར་བ་དང་སྣེ་ཁྲིད་མདུན་སྐྱོད་ལ་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ནས་སྤྱི་ཁྱབ་དམ་འཛིན་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ལ། འགན་ནུས་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་མཐུན་སྦྱོར་དམག་འཐབ་བྱས་ནས། མཉམ་འཛིན་མཉམ་སྒྲུབ་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དང་རྒྱ་བསྐྱེད་དེ། ཧུར་ཐག་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་སྤྲོད་དགོས་པ་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ཐེངས་འདིའི་ཚོགས་འདུའི་བླང་བྱ་གཞིར་བཟུང་ནས། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་བཅོས་སྒྲིག་དམ་འཛིན་བྱས་ཏེ། དམིགས་འབེན་གཏན་འཁེལ་གྱིས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བཅོས་དཀའི་གཅོང་ནད་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ། ནུས་ཤུགས་ཡོད་རྒུས་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་དང་དམངས་འཚོའི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་དགོས། གཙོ་གནད་ལས་འགན་ལ་དམིགས་ཏེ་འགག་སྒྲོལ་སྟོབས་ཆེར་གཏོང་བ་དང་། འགན་འཁྲིའི་བྱེད་པོ་དང་ལེགས་འགྲུབ་ཀྱི་ཚད་གཞི་གསལ་བོ་བྱས་ཏེ། འབེན་གཏད་གསོ་བཅོས་དང་རྩ་ལག་མཉམ་བཅོས་བྱས་ནས། “ཞིབ་བཤེར་དང་བཅོས་སྒྱུར། བཅོས་སྐྱོང”བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། གནད་དོན་ཐག་གཅོད་བྱེད་པ་ནས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བཅོས་སྐྱོང་ཇེ་ལེགས་སུ་གཏོང་བའི་མཆོང་འཕར་མངོན་འགྱུར་བྱེད་དགོས། བྱ་བའི་འགྲིལ་ཤུགས་གཅིག་ཏུ་བསྡུས་ནས་ཕན་འབྲས་ཐོབ་ཏུ་འཇུག་པ་དང་བཅོས་སྒྲིག་གི་འགན་འཁྲི་དམ་ཟབ་བྱེད་པ། རོགས་ལས་གཞོགས་འདེགས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྫོང་རིམ་པའི་གཡུལ་ས་གཙོ་བོའི་བཅོས་སྒྲིག་བྱ་བ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ནུས་ཤུགས་ཡོད་རྒུས་གཅིག་སྡུད་བཅོས་སྒྲིག་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་། ལིའུ་མེ་ཕིན་གྱིས2026ལོའི་གཅིག་སྡུད་བཅོས་སྐྱོང་བྱ་བའི་འགན་འཁྲི་བཀོད་སྒྲིག་བྱས། ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། ཞིང་ཆེན་འཕྲིན་བཅར་ཅུའུ། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་ཏུའུ་ལན་རྫོང་བཅས་ཀྱིས་བརྗེ་རེས་གཏམ་བཤད།
གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་པ་དང་ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས། གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས། ཝང་ཝེ་ཏུང་དང་། ཚེ་རིང་ཐར། ཀྲུའུ་ཞང་ཧྥུང་། ཚའོ་ཅུན། དབྱང་ཀྲི་ཝུན། ཁྲེང་ཅི་ཝེ། ཅིན་ཧྲེང་ཧྲོའུ་བཅས་ཚོགས་ར་གཙོ་དང་ཡང་ན་ཡན་ལག་ཚོགས་རར་ཞུགས་ཡོད།