ལི་ཆང་གིས་འཇར་མན་གྱི་ཙུང་ལི་དང་གྲོས་མོལ་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2པའི་ཚེས25ཉིན་གྱི་ཉིན་གུང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཚི་དང་གྲོས་མོལ་གནང་།

ལི་ཆང་གིས་བསྟན་དོན། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག  ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་དང་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་བྱུང་ནས་གྲུབ་འབྲས་གསར་པ་མི་ཉུང་བ་ཐོབ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་མཇལ་འཕྲད་གནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུའི་ཐད་འཐབ་ཇུས་ཀྱི་མཛུབ་ཁྲིད་གནང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་གྲོས་མོལ་བརྗེ་རེས་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་པར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་ཆེར་གཏོང་འདོད་ཡོད།

ལི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པ་དང་། མ་འོངས་པའི་ལོ་ལྔའི་ནང་། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཐད་གོ་སྐབས་སྔར་ལས་མང་པོ་ཡོད་ངེས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་གྲོས་མོལ་སོགས་གྲོས་མོལ་རྐྱེན་སྲོལ་བེད་སྤྱོད་བཟང་བོ་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་དང་སྲིད་ཇུས་འབྲེལ་མཐུད་མཐུན་སྦྱོར་ཐད་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ། རླངས་འཁོར་དང་རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་གྱི་མཉམ་ལས་ཐད་རྣམ་པ་གསར་པ་ཡོང་བ་དང་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་གཏོང་བ། མིས་བཟོས་རིག་ནུས་དང་སྐྱེ་དངོས་སྨན་རྫས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་པ་བཅས་བྱས་ནས་དཔལ་འབྱོར་གྱི་འཕར་གནས་གསར་པ་སྔར་ལས་མང་པོ་གསོ་སྐྱོང་བྱེད་འདོད་ཡོད།   ཀྲུང་གོ་ཕྱོགས་ཀྱིས་འཇར་མན་གྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་པ་དང་།    ཀྲུང་གོའི་ཁེ་ལས་འཇར་མན་དུ་སོང་ནས་མ་དངུལ་གཏོང་བར་སྐུལ་མ་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ལ།    འཇར་མན་ཕྱོགས་ཀྱིས་ཁེ་ལས་ལ་འདྲ་མཉམ་དང་བརྟན་འཇགས།   སྔོན་དཔག་ཐུབ་པའི་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད།  ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས། ཁེ་ལས་བཅས་ཀྱིས་མཉམ་དུ་ཞིབ་འཇུག་གསར་སྤེལ་དང་འཇོན་མི་སྐྱེད་སྲིང་། གྲུབ་འབྲས་ཚུལ་སྒྱུར་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཤེས་བྱ་དང་འཇོན་མི་སོགས་གསར་གཏོད་རྒྱུ་རྐྱེན་འཁོར་རྒྱུག་སྔར་ལས་བཟང་བོ་ཐུབ་པར་བྱས་ནས་མཉམ་དུ་མ་འོངས་པའི་གསར་གཏོད་ནུས་པ་གསར་སྐྲུན་བྱེད་དགོས། ཀྲུང་གོ་དང་འཇར་མན་གཉིས་ཀ་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་གཉིས་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས།   ཕྱོགས་གཉིས་ཀྱིས་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་དགོས་ཤིང་། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་རྒྱུར་ཤུགས་བཏོན་ནས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་དྲང་ནུས་སྔར་ལས་མང་པོ་སྣོན་དགོས། འཇར་མན་ནི་ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཙོ་བོ་ཡིན་པས།      འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།

མའོ་ཚི་ཡིས་བསྟན་དོན།    ཀྲུང་གོའི་ལུགས་རྙིང་ལོ་སར་སྐབས་སུ་ཁེ་ལས་གཙོ་བོའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཀྲུང་གོར་འཚམས་འདྲིར་ཡོང་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་ཡོད་ལ།   དེས་འཇར་མན་ཕྱོགས་ཀྱིས་འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་ཚད་མཐོའི་མཐོང་ཆེན་དང་རེ་སྒུག་བྱེད་བཞིན་པ་གང་ལེགས་སྒོས་མཚོན་ཡོད།    འཇར་མན་དང་ཀྲུང་གོ་གཉིས་ཀྱི་བར་ཐག་རིང་ཡང་དཔལ་འབྱོར་འབྲེལ་བ་ཟབ་པར་མ་ཟད།  མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ལྡན། འཇར་མན་ཕྱོགས་ཀྱིས་ལྷག་བསམ་ཟོལ་མེད་སྒོས་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ནས་ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་ཁྱབ་ཁོངས་སོ་སོའི་རྒྱུན་ལྡན་ཅན་གྱི་གྲོས་མོལ་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དོ་མཉམ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཚུལ་སྒྱུར་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་དར་སྤེལ་གཏོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།  

གྲོས་མོལ་གྱི་སྔོན་ལ།  ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མའོ་ཚི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།  

གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་ལྗང་མདོག་ཚུལ་སྒྱུར་དང་སྒོ་གཅན།  ལུས་རྩལ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་གནང་།

ཝུའུ་ཀྲེང་ལུང་གོང་གི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།