ཟླ2པའི་ཚེས25ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་པ་དང་། འོད་ནུས་གློག་འདོན་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དང་། “གནས་བརྒལ་དཔལ་འབྱོར”གྱི་རྣམ་པ་གསར་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གྲོང་ཁྱེར་གསར་སྒྱུར། བདེ་ཐང་མཚོ་སྔོན་འཛུགས་སྐྲུན། སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་སྲུང་སྐྱོབ་དོ་དམ་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་སྔོན་པེ་ཅིང་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། ཏང་ཕྱིའི་མི་སྣ་དང་མཉམ་དུ་ལུགས་རྙིང་ལོ་སར་བསུ་བ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལུགས་རྙིང་ལོ་སར་བསུ་བའི་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་དང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་བྱ་བར་གནང་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་ནས། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་། སྤྱི་ཚོགས་ཀྱི་བཅོས་སྐྱོང་གསར་སྐྲུན་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་སོགས་ཀྱི་བྱ་བ་དམ་འཛིན་ནན་མོ་བྱས་ཏེ། གྲོང་ཁྱེར་གྱི་ནང་དོན་རྣམ་པའི་འཕེལ་རྒྱས་ཀྱི་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཕན་པ་ཐོབ་ཏུ་འཇུག་དགོས། ཏང་ཕྱིའི་མི་སྣའི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། བློ་གྲོས་སྟོབས་ཤུགས་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་གཙོ་བོའི་ཐོག་གཅིག་སྡུད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས།“ཁ་ཕྱོགས་བཞིའི”འཐབ་ཇུས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་གསར་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། ཁེ་ལས་ཀྱི་གསར་གཏོད་གཙོ་གཟུགས་ཀྱི་གནས་བབ་ཇེ་དྲག་ཏུ་གཏོང་བ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཚན་རིག་ཞིབ་འཇུག་གི་སྐྱེ་ཁམས་བཟང་པོ་གཏོད་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཟླ2པའི་ཚེས24ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། མྱུར་དུ་བྱ་བའི་རྣམ་པར་ཞུགས་ཏེ། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ཏེ། གཙོ་གནད་ལས་འགན་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ནས། ནུས་ཤུགས་གང་ཡོད་ཀྱིས་དུས་ཚིགས་དང་པོའི“འགོ་ཡག་པོ”རྩོམ་དགོས། སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུ་དཀར་འཛད་སྤྱོད་དགོས་མཁོ་སྔར་ལས་ཇེ་ལེགས་སུ་བཏང་སྟེ། སྤྱི་ཕན་རྒན་གསོའི་ཞབས་ཞུའི་སྤུས་འདེགས་དང་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་མེ་ཟོན་བདེ་འཇགས་ཀྱི་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ངོ་བོའི་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲིམས་ལྟར་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ། བེད་སྤྱོད། གྲོན་ཆུང་། ཆུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཆུའི་བདེ་འཇགས་ལ་སྔར་ལས་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་འོད་ཤུགས་གློག་འདོན་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》དང་།《མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་ལ་བརྟེན་ནས“གནས་བརྒལ་དཔལ་འབྱོར”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཇུས་གཞི།》《རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་གི(2026ལོ་ནས2035ལོ་བར)འཆར་གཞི》བཅས་ལ་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་། ནུས་ཤུགས་ཡོད་རྒུས་འོད་ཤུགས་གློག་འདོན་གཞི་ཁྱོན་ཅན་དང་གླིང་ཁུལ་ཅན། ཁྲོམ་ར་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འོད་ཤུགས་ཐོན་ལས་འཕེལ་རྒྱས་འགྲོ་བའི་འགྲན་ལམ་གསར་པ་མགྱོགས་མྱུར་ངང་བཀོད་སྒྲིག་བྱ་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་གཉིས་ཕན་མཉམ་རྒྱལ་དང“གནས་བརྒལ་དཔལ་འབྱོར” རྒྱུན་མཐུད་འཕེལ་རྒྱས་གཏོང་ཐུབ་པའི་རྣམ་པ་འཛུགས་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྐྱེ་ཁམས་སྲུང་སྐྱོབ་རྒྱབ་སྐྱོར་མ་ལག་གི་འཆར་འགོད་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བ་ཁག་ཐེག་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་གོ་རིམ་ལྡན་པའི་འཆར་འགོད་དང་ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་གསར་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་རྒྱུ་སྤུས་མཐོ་བའི་འཚོ་བའི་བར་སྟོང་ཧུར་ཐག་གིས་བསྐྲུན་དགོས། སྨན་བཅོས་ཐོན་ཁུངས་ཀྱི་བཀོད་སྒྲིག་གཞི་རིམ་དང་རོང་འབྲོག་ཁུལ་དུ་ཕྱོགས་པར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། གནའ་རྫས་རྟོག་ཞིབ་ཀྱི་ཞིབ་འཇུག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། འགན་སྲུང་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་སྲུང་སྐྱོབ་དོ་དམ་བྱ་བ་ལེགས་པོར་བསྒྲུབ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།