ཟླ2པའི་ཚེས24ཉིན་ནི་ལུགས་རྙིང་ལོ་གསར་གྱི་གུང་གསེང་རྗེས་ཀྱི་བྱ་བར་ཞུགས་པའི་ཉིན་དང་པོ་ཡིན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་འོད་སྦྱོར་རྩ་འཛུགས་ཐོན་ལས་སྐྱེ་ཁམས་གསར་གཏོད་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་གྱི་ལྗང་གློག་རིག་རྩིས་མཉམ་འདྲེས་དཔེ་སྟོན་གླིང་དུ་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་ཐབས་རིག་ནུས་དུས་རབས་ཀྱི་གོ་སྐབས་ཁོང་དུ་ཆུད་པ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱས་ཏེ། དུས་ཚོད་ཀྱིས་ང་ཚོར་མི་སྒུག་པ་དང་དུས་ཚོད་བརྩོན་ལེན་བྱེད་པའི་བསམ་པའི་འཁྱེར་ཕྱོགས་ལ་བརྟེན་ནས་ངར་ཤུགས་ཆེན་པོས་འཕེལ་རྒྱས་དམ་འཛིན་བྱས་ཏེ་འབད་བརྩོན་ཆེན་པོས་འགོ་ཡག་པོ་རྩོམ་དགོས་པ་ནན་གྱིས་བསྟན།
ན་ནིང་གི་ཟླ8པར། 2025ལོའི་འོད་སྦྱོར་རྩ་འཛུགས་ཀྱི་འགོ་ཁྲིད་པའི་ཚོགས་ཆེན་འཚོགས་རྗེས། འོད་སྦྱོར་རྩ་འཛུགས་ཀྱིས་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་བར་དམིགས་ནས། ཐོན་ལས་འགྲེམ་སྟོན་དང་ལག་རྩལ་འཚམ་སྒྲིག ཤེས་ལྡན་མི་སྣ་གསོ་སྐྱོང་། སྐྱེ་ཁམས་མཉམ་ལས་བཅས་གཞི་གཅིག་ཏུ་འདུས་པའི་འོད་སྦྱོར་རྩ་འཛུགས་ཐོན་ལས་སྐྱེ་ཁམས་གསར་གཏོད་ལྟེ་གནས་བསྐྲུན། ཝུའུ་ཞའོ་ཅུན་གྱིས་ཞིབ་འཇུག་གསར་སྤེལ་གྲུབ་འབྲས་དང་དེ་མིན་ནུས་སྤྲོད་རྩིས་ནུས་དཔལ་འབྱོར། འཕྲིན་རྩལ་གསར་གཏོད་ཐོན་ལས། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཁོས་མི་ཐབས་རིག་ནུས་དེ་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྣེ་ཁྲིད་པའི་འཐབ་ཇུས་རང་བཞིན་གྱི་ལག་རྩལ་ཞིག་ཡིན་པའི་ངོས་ནས། ཚན་རྩལ་འཕེལ་རྒྱས་ཀྱི་རྣམ་པ་དང་ཐོན་ལས་འཁོར་སྐྱོད་བྱེད་སྟངས་ལ་འགྱུར་ལྡོག་གཏིང་ཟབ་གཏོང་དགོས་ཤིང་། མཚོ་སྔོན་གྱི་ཐོན་ཁུངས་སྐྱེ་སྟོབས་དང་ཁྱད་ལྡན་ཁྱད་སྟོབས་ལ་གཞི་ཚུགས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་ཟབ་མོར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གྱི་ནུས་པ་འདོན་སྤྲོད་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བསྟན། ཝུའུ་ཞའོ་ཅུན་གྱིས་འོད་སྦྱོར་རྩ་འཛུགས་ཀྱི་ཁོངས་ཞུགས་ཁེ་ལས་མུ་མཐུད་དུ་མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཞུགས་པར་དགའ་བསུ་ཞུས་པ་དང་། གསར་གཏོད་ལྟེ་གནས་སྒེའུ་ཁུང་དུ་བྱས་ཏེ། མཚོ་སྔོན་གྱིས་དུས་རིམ་གསར་པ་དང་གནས་བབ་གསར་པའི་ནང་དཔལ་འབྱོར་འཕར་གཞི་གསར་པ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གཏམ་རྒྱུད་ཡག་པོར་བཤད་རྒྱུའི་རེ་བ་ཡོད་ཅེས་བསྟན།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་པའི་ལོར། མཚོ་སྔོན་གྱིས་གསར་གཏོད་སྐུལ་སྤེལ་བྱེད་པར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་འགུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཚད་གཞི་མཐོ་བའི་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་བཞིན་ཡོད། ཝུའུ་ཞའོ་ཅུན་མཚོ་སྔོན་ཞིང་ཆེན་ལྗང་མདོག་རྩིས་ནུས་མཉམ་འདྲེས་དཔེ་སྟོན་གླིང་དུ་བསྐྱོད་དེ། གླིང་ཁུལ་གྱི་མ་འོངས་པའི་འཆར་འགོད་དང་། འཛུགས་སྐྲུན་གྱི་ཕན་འབྲས། རྩིས་ནུས་གཞི་ཁྱོན། དངུལ་གཏོང་དང་ཁྲལ་བསྡུ། ལས་ཞུགས་བཅས་ལ་སྐུལ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་ཉན་པ་དང་འདྲི་རྩད་བྱས། ལག་རྩལ་གྱི་རྨང་གཞི་དང་སྒྲིག་སྲོལ་རྐྱེན་སྲོལ་སྲུང་འཛིན་སྔོན་ཐོན་གྱི་རྨང་གཞིའི་སྟེང་། ལྗང་གློག་ཐད་སྦྲེལ་དང་གློག་དྲ་ཆུང་བ། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་ཁྱད་སྟོབས་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་དབྱང་ཁེ་ལས་དང་མི་དམངས་ཁེ་ལས་ཀྱི་སྟོབས་ཤུགས་ཀྱིས་སྐྱེ་ཁམས་མུ་ཕྲེང་བསྐྲུན་པ་དང་ཐོན་ལས་ཁྱུ་ཚོགས་ཆགས་པར་བྱས་ཏེ། མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་གཞི་དང་ཚད་ཤིང་འཛུགས་དགོས་པ་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་རྟོག་ཞིབ་བྱེད་སྐབས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་དངོས་སྒྲུབ་སྤྱོད་ཚུལ་དང་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་ཡོང་བར་སྲུང་སྐྱོབ་བྱེད་དགོས་པ་དང་། ས་ཞིང་དང་མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། མུ་ཕྲེང་ལ་བརྟེན་ནས་ཚོང་འགུག་བྱ་རྒྱུར་མཐོང་ཆེན་བྱས་ནས་ཐོན་ལས་ཆ་ཚང་ནང་འདྲེན་བྱས་ཏེ། རྣམ་གྲངས་སྔ་མོ་ནས་ལག་བསྟར་དང་། ལས་འགོ་སྔ་མོ་ནས་འཛུགས་པ། སྔ་མོ་ནས་ཐོན་སྐྱེད་བྱེད་འགོ་རྩོམ་རྒྱུར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།
ཝུའུ་ཞའོ་ཅུན་ད་དུང་ཞིང་ཆེན་ཏང་ཨུའི་སྤྱིའི་ལས་རེས་ཁང་དང་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་ཆ་འཕྲིན་ཁྲུའུ་རུ་སོང་ནས། ལུགས་རྙིང་ལོ་སར་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ལས་རེས་དང་། རིག་གནས་ཡུལ་སྐོར་དང་འཛད་སྤྱོད། འབར་རླངས་འདོན་སྤྲོད་ལ་འགན་སྲུང་བྱེད་པ། བདེ་འཇགས་བརྟན་བརླིང་སོགས་ཀྱི་གནས་ཚུལ་ལ་ཉན་ནས་རྒྱུས་ལོན་བྱས།
ཝང་ཝེ་ཏུང་དང་ཀྲུའུ་ཞང་ཧྥེང་། ལིའུ་ཁྲའོ་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས།