ཉེ་ཆར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་ལྔའི་གཞུང་དོན་ཐིང་(དྲུང་ཡིག་ཅུས་དང་། ཕྱོགས་བསྡུས་ཅུའུ། ཕྱོགས་བསྡུས་སི།)གིས་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དམའ་དབྱིངས་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ཁྱབ་བསྒྲགས་བྱས་པ་རེད།
བསམ་འཆར་ནང་། དམའ་དབྱིངས་རྨང་གཞིའི་སྒྲིག་བཀོད་ནི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་ཞེས་བསྟན་པ་དང་། བསམ་འཆར་ནང་། 2027ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་དམའ་དབྱིངས་སྤྱི་པའི་མཁའ་འགྲུལ་ལམ་གྱི་ས་ངོས་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཁེབས་ཚད་90%ལས་མི་དམའ་བ་དང་། སྣ་མང་མཉམ་འདྲེས་ཤེས་ཚོར་ཇུས་གཞི་སྔར་བས་འཐུས་ཚང་དང་ལེགས་སུ་གཏོང་བ། དམའ་དབྱིངས་ཕྱོགས་སྟོན་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ། ཆ་འཕྲིན་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཚད་གཞི་10ལས་མི་ཉུང་བ་ཞིབ་འཇུག་དང་གསར་བཟོ་བྱས་ཏེ་གྲོང་ཁྱེར་བཅོས་སྐྱོང་དང་། ཟོག་འགྲེམས་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་སུ་དཔེ་མཚོན་ཅན་གྱི་དམའ་དབྱིངས་ཉེར་སྤྱོད་ཡུལ་དངོས་ཁག་གཅིག་ཆགས་པར་བྱ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
གཙོ་གནད་ལས་འགན།
■ དགོས་མཁོ་ལྟར་དམའ་དབྱིངས་ཡུལ་དངོས་ཀྱི་འཕྲིན་གཏོང་དྲ་རྒྱ་ཁེབས་པར་སྐུལ་འདེད་གཏོང་དགོས།
■སྨི་300(Gརིགས་དང་Wརིགས་ཀྱི་མཁའ་ཁོངས་)མན་གྱི་དམའ་དབྱིངས་མཁའ་ལམ་ལམ་རྒྱུད་དང་དམའ་དབྱིངས་ཉེར་སྤྱོད་བྲེལ་གནས་ས་ཁོངས་ལ་ཕྱོགས་ནས་ད་ཡོད་ཀྱི་5Gསོགས་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་སྐུད་མེད་གློག་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་རྨང་གཞིའི་ཐོག་རླབས་མདའ་ལེགས་གཏོང་དང་། གནམ་སྐུད་ལེགས་སྒྲིག སྦྲེལ་ཚུགས་གསར་བསྐྲུན་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་སྤྱད་དེ་དམའ་དབྱིངས་སྤོ་སྒུལ་འཕྲིན་གཏོང་དྲ་རྒྱ་དགོས་མཁོ་ལྟར་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
■རྨང་གཞིའི་གློག་འཕྲིན་ཁེ་ལས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་བར་དགོས་མཁོའི་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམའ་དབྱིངས་ཉེར་སྤྱོད་གོང་འཕེལ་ཀྱི་གཞི་ཁྱོན་དང་ཡུལ་དངོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་དམའ་དབྱིངས་ཆེད་སྤྱོད་དྲ་རྒྱ་སོགས་བརྒྱུད་དྲ་རྒྱའི་ཁེབས་ཚད་དང་ལས་སྒོའི་འགན་སྲུང་ནུས་པ་སྔར་བས་མཐོ་རུ་གཏོང་རྒྱུར་འཚོལ་ཞིབ་བྱས་ཏེ། ས་ངོས་དྲ་རྒྱ་དང་མཉམ་འབྲེལ་མཉམ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
■འཁོར་སྐར་འཕྲིན་གཏོང་དང་ས་ངོས་སྒུལ་བདེའི་འཕྲིན་གཏོང་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས། སྨི་300ཡན་གྱི་དམའ་དབྱིངས་མཁའ་ཁོངས་དང་ཐག་རིང་ས་ཁུལ་སོགས་ལ་དྲ་རྒྱའི་ཁེབས་ཚད་མཁོ་འདོན་བྱེད་དགོས།
■ སྣ་མང་ཅན་གྱི་འཚོལ་ཞིབ་ཚད་ལེན་མཐུན་སྦྱོར་ཞབས་ཞུའི་ནུས་པ་འཚོལ་ཞིབ་དང་འཛུགས་སྐྱོང་བྱེད་དགོས།
■ བྱེད་སྒོ་སྤེལ་ཡུལ་ཆེ་གྲས་དང་། དམག་དོན་སྒྲིག་བཀོད། འགག་རྩའི་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ས་ཁོངས་ཀྱི་ཤེས་ཚོར་ལྟ་ཞིབ་ཚད་ལེན་དང་འགོག་སྲུང་དགོས་མཁོར་ཁ་ཕྱོགས་ནས། ཁྱབ་ཁོངས་ཆུང་བའི་ས་ཁོངས་སུ་སྒྲ་རླབས་ཀྱི་མཚམས་ཁག་གཅིག་གི་བརྒྱུད་ཚོར་མཉམ་འདྲེས་ལག་རྩལ་བཀོལ་སྤྱོད་འཚོལ་ཞིབ་བྱས་ཏེ། ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་བ་དང་དུས་མཚུངས་སུ་ལེ་ཏ་དང་། འོད་གློག་ཤེས་ཚོར་མ་ལག འཁོར་སྐྱོད་དབྱེ་འབྱེད་སོགས་ལག་རྩལ་དང་མཐུན་སྦྱོར་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སྤྱོད་མཁན་གྱི་དགོས་མཁོ་གཞིར་བཟུང་དམའ་དབྱིངས་མཁའ་སྐྱོད་ཡོ་བྱད་འཚོལ་ཞིབ་དང་། དབྱེ་འབྱེད། དེ་བཞིན་རྗེས་ཤུལ་རྗེས་འདེད་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
■ ཕྱོགས་སྟོན་གྱི་གནད་ལ་འཁེལ་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱེད་པ།
■བྱང་སྐར་རྩིག་རྨང་ཆེར་གཏོང་མ་ལག་དང་བྱང་སྐར་ཕྱོགས་སྟོན་སྤྱི་པའི་ཞབས་ཞུའི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། 5Gསོགས་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་བརྒྱུད་གནས་ངེས་ཆེ་རུ་གཏོང་བའི་ཆ་འཕྲིན་བསྒྲགས་བྱས་ཏེ་དམའ་དབྱིངས་མཁའ་འགྲུལ་ཡོ་བྱད་ཀྱི་གནས་ངེས་མྱུར་ཚད་དང་གནས་ངེས་ཞིབ་ཚད་སྔར་བས་མཐོ་རུ་གཏོང་དགོས།
■ དམའ་དབྱིངས་རིག་ནུས་དྲ་སྦྲེལ་མ་ལག་འཛུགས་རྒྱུར་འདེགས་སྐྱོར་བྱེད་པ།
■ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་ནུས་པའི་ཐོན་ཁུངས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཟོག་འབྲེལ་དྲ་བ་དང་། མི་ཐབས་རིག་ནུས། སྤྲིན་རྩིས་རྒྱག གྲངས་གཞི་ཆེན་པོ་སོགས་ཆ་འཕྲིན་ལག་རྩལ་རབས་གསར་པ་བེད་སྤྱོད་གང་ལེགས་བྱས་ཏེ། དམའ་དབྱིངས་རིག་ནུས་དྲ་སྦྲེལ་མ་ལག་འཛུགས་སྐྱོང་ལ་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱེད་དགོས།
■རྨང་གཞིའི་གློག་འཕྲིན་ཁེ་ལས་དང་མཁའ་འགྲུལ་དོ་དམ་སོགས་སྡེ་ཚན་གྱིས་དགོས་མཁོ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དམའ་དབྱིངས་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་འབྲེལ་ཡོད་གྲངས་འཛིན་ཅན་གྱི་མ་ལག་གསར་སྤེལ་བྱེད་པར་འདེགས་སྐྱོར་བྱ་རྒྱུར་སྐུལ་མ་གཏོང་དགོས།
■ དམའ་དབྱིངས་དཔལ་འབྱོར་གོང་འཕེལ་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་རྩིས་རྒྱག་ནུས་པའི་རྨང་གཞིའི་སྒྲིག་བཀོད་མཁོ་སྤྲོད་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་པའི་རྩིས་ནུས་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་ནས། དམའ་དབྱིངས་དོ་དམ་ཞབས་ཞུར་སྟབས་བསྟུན་དང་ནུས་ཆེའི་རྩིས་རྒྱག་ནུས་པ་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
■ ཐོན་ལས་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས།
■5G-Aཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ད་ཡོད་ས་ངོས་སྦྲེལ་ཚུགས་ཀྱི་སྒྲིག་བཀོད་ནུས་པ་སྔར་བས་རིམ་སྤོར་དང་འཐུས་ཚང་དུ་བཏང་སྟེ། བརྒྱུད་ཚོར་མཉམ་འདྲེས་སོགས་ལག་རྩལ་ཐོན་ལས་འཐུས་ཚང་དུ་གཏོང་རྒྱུ་མགྱོགས་སུ་གཏོང་བ་དང་། སྒྲིག་ཆས་ཀྱི་མ་གནས་རིམ་བཞིན་དམའ་རུ་གཏོང་དགོས།
■དམའ་དབྱིངས་སྒྲིག་ཆས་དང་དམའ་དབྱིངས་ཆ་འཕྲིན་འཕྲིན་གཏོང་མཉམ་འདྲེས་གསར་གཏོད་དང་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་སྟེ། 5G/5G RedCapམ་དཔེ་དང་དམའ་དབྱིངས་མཁའ་འགྲུལ་ཡོ་བྱད་ཀྱི་འཚམ་འཕྲོད་ར་སྤྲོད་ལ་སྐུལ་འདེད་གཏོང་དགོས།
■དམའ་དབྱིངས་འཕྲིན་གཏོང་དང་། ཕྱོགས་སྟོན། ལྟ་ཞིབ་བཅས་ཀྱི་ནུས་པ་མཉམ་འདྲེས་ཀྱི་མ་དཔེ་ཞིབ་འཇུག་གསར་སྤེལ་འཚོལ་ཞིབ་བྱས་ནས་ལག་རྩལ་དང་ཐོན་ལས་འཐུས་ཚང་ཡོང་བ་མགྱོགས་སུ་གཏོང་དགོས།
■ ལེགས་བསྡུས་མཐུན་སྦྱོར་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
■ད་ཡོད་ཀྱི་ལྕགས་སྒྲོམ་ས་ཚིགས་སོགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་དམའ་དབྱིངས་རྨང་གཞིའི་སྒྲིག་བཀོད་མཉམ་སྤྱོད་ལེགས་བསྡུས་ཞིབ་ཚགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
■རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཆ་འཕྲིན་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་ཀྱི་དཔེ་དབྱིབས་འཚོལ་ཞིབ་བྱེད་དགོས།
■འབྲེལ་ཡོད་ཚད་ལྡན་ཅན་གྱི་རྩ་འཛུགས་དང་སྒྲིག་གཞིར་བརྟེན་ནས། འགག་རྩའི་ལག་རྩལ་དང་། ཚོད་ལྟ། དེ་བཞིན་འཛུགས་སྐྲུན་ཚད་གཞི་སོགས་ཀྱི་ཚད་གཞི་ཞིབ་འཇུག་དང་གསར་བཟོ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ། དམའ་དབྱིངས་ལག་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱེད་པའི་འབྲེལ་ཡོད་ཚད་གཞིའི་མ་ལག་འཛུགས་དགོས།
■ ལས་རིགས་དོ་དམ་ཚད་ལྡན་དུ་གཏོང་དགོས།
■དམའ་དབྱིངས་ཉེར་སྤྱོད་ཡུལ་དངོས་ལ་ཁ་ཕྱོགས་ནས་གློག་འཕྲིན་ལས་སྒོའི་ཆོག་འཐུས་དང་། སྒྲིག་ཆས་དོ་དམ། ཞབས་ཞུའི་ལྟ་སྐུལ། མཉམ་འབྲེལ་མཉམ་མཐུད། འཕྲལ་སྡོམ་འཕྲིན་གཏོང་། དྲ་རྒྱ་དང་གཞི་གྲངས་བདེ་འཇགས་སོགས་ལྟ་སྐུལ་དོ་དམ་མ་ལག་ལ་ཞིབ་འཇུག་བྱེད་པ་དང་། ལྟ་སྐུལ་དོ་དམ་ནུས་པའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་མེད་གནམ་གྲུའི་ཆེད་སྤྱོད་ཨང་གྲངས་དུམ་བུ་འཆར་འགོད་བྱས་ཏེ། “གནམ་གྲུ་གཅིག་ལ་རྩ་གཉིས་ཨང་བཤེར་གཅིག་དང་ཨང་གྲངས་གཅིག”གི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མཚོན་རྟགས་དབྱེ་ཞིབ་དེ་མི་མེད་གནམ་གྲུའི་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་པ་འཚོལ་ཞིབ་བྱས་ནས་མི་མེད་གནམ་གྲུའི་འཕྲིན་གཏོང་ཐོན་ཁུངས་ལ་ཞིབ་ཚགས་ཅན་གྱི་དོ་དམ་གྲུབ་པར་བྱེད་དགོས།
■ སྒྲ་རླབས་ཀྱི་མཁོ་སྤྲོད་ལེགས་སུ་གཏོང་དགོས།
■དམའ་དབྱིངས་སྐུད་མེད་གློག་གི་སྒྲ་རླབས་ཐོན་ཁུངས་འཆར་འགོད་ཞིབ་འཇུག་སྤེལ་བ་དང་། དམའ་དབྱིངས་དཔལ་འབྱོར་གྱི་སྐུད་མེད་གློག་གི་སྒྲ་རླབས་གསར་སྤེལ་བེད་སྤྱོད་དང་ལག་རྩལ་གསར་གཏོད་ཀྱི་ཕྱོགས་སྟོན་མགྱོགས་མྱུར་གཏན་འབེབས་བྱས་ཏེ། དམའ་དབྱིངས་འཕྲིན་གཏོང་དང་མཁའ་འགྲུལ་ཡོ་བྱད་ཀྱི་རྒྱང་འཛིན་དང་རྒྱང་འཇལ་དང་། ཆ་འཕྲིན་བརྒྱུད་གཏོང་། འཚོལ་ཞིབ་སོགས་ཐད་སྤྱོད་པའི་སྒྲ་རླབས་ཐོན་ཁུངས་ཁྱོན་ཡོངས་ནས་འཆར་འགོད་བྱས་ཏེ། དམའ་དབྱིངས་དཔལ་འབྱོར་གོང་འཕེལ་ལ་འདེགས་སྐྱོར་དང་འགན་སྲུང་ཡག་པོ་བྱེད་དགོས།
■སྐུད་མེད་གློག་དོ་དམ་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་རིམ་པ་ཁག་གི་སྐུད་མེད་གློག་དོ་དམ་ལས་ཁུངས་ཀྱིས་བཅས་ཁྲིམས་དང་སྒྲིག་སྲོལ་ལྟར་དམའ་དབྱིངས་རྨང་གཞིའི་སྒྲིག་བཀོད་དང་འབྲེལ་བ་ཡོད་པའི་སྐུད་མེད་གློག་གི་སྒྲ་རླབས་བེད་སྤྱོད་ཆོག་མཆན་དང་སྐུད་མེད་གློག་འཕྲིན་ལས་ཁུངས་(ས་ཚུགས)འཛུགས་པ་དང་བེད་སྤྱོད་ཆོག་མཆན། དེ་བཞིན་སྐུད་མེད་གློག་གི་ལྟ་ཞིབ་ཚད་ལེན་དང་འགལ་རྐྱེན་ཞིབ་བཤེར་ཐག་གཅོད་སོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས།