རྨ་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་དུས་ཆེན་སྐབས་ཀྱི་ཁྲོམ་རའི་བདེ་འཇགས་ལ་སྲུང་སྐྱོང་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ2པའི་ཚེས23ཉིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སར་སྐབས་སུ་རྨ་ལྷོ་ཁུལ་གྱིས་ཟས་རིགས་དང་སྨན་རྫས། གཙོ་གནད་ཐོན་རྫས་ཀྱི་སྤུས་ཚད། དམིགས་གསལ་སྒྲིག་ཆས་སོགས་ཁྱབ་ཁོངས་གལ་ཆེན་ལ་གཞི་བཙུགས་ཏེ། ནན་ཏན་དང་ཞིབ་ཚགས་ངང་ལྟ་སྐུལ་དོ་དམ་བྱེད་ཐབས་དོན་འཁྱོལ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་དུས་ཆེན་སྐབས་ཀྱི་ཁྲོམ་རའི་སྒྲིག་ལམ་དང་། འཛད་སྤྱོད་ཁོར་ཡུག་གི་བདེ་འཇགས་ལ་འགན་སྲུང་བྱས་ཏེ། ཁྲིམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་སྲུང་བྱ་བ་ཏན་ཏིག་གིས་བསྒྲུབས།

ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ཕྱོགས་ནས། ཐད་ཀར་ཟོས་ཆོག་པའི་ཟས་རིགས་དང་ཆང་། འབྲུ་རིགས་སོགས་དུས་ཆེན་སྐབས་བྲིན་ཆེ་བའི་ཟས་རིགས་གཙོ་གནད་དུ་བཟུང་ནས། གནས་སྐབས་ཀྱི་བརྡལ་འཚོང་དང་ཞིང་ལས་ཉོ་ཚོང་ཁྲོམ་ར། སྒོ་རྩིས་ཚོང་ཁང་། ཞིང་སྡེ་དང་འབྲོག་ཁུལ་བཅས་གཙོ་གནད་དུ་བཟུང་ནས་ཆེད་དོན་ཞིབ་བཤེར་བྱས་པ་རེད། ཟས་རིགས་ཚོང་ཁང་ལ་ཞིབ་བཤེར་ཐེངས160བྱས་པ་དང་། ཚོང་ར་ཆེ་འབྲིང་ལ་ཞིབ་བཤེར་ཐེངས12བྱས་པར་མ་ཟད། འཛད་སྤྱོད་གསལ་འདེབས་ཐེངས་གཅིག་སྤེལ་བ་དང་། དྲིལ་བསྒྲགས་ཡིག་ཚགས400ལྷག་བྱིན་ཡོད་ལ། ཡུལ་དངོས་ནས་ཐག་གཅོད་བྱས་པའི་གནད་དོན9ཡོད།

སྨན་རྫས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ནས། གཞི་རིམ་སྨན་རྫས་དང་སྨན་བཅོས་སྒྲིག་ཆས། མཛེས་སྤྲས་བྱུགས་རྫས་བཅས་ཚོང་གཉེར་དང་བེད་སྤྱོད་ལ་གཞི་བཙུགས་ནས། ཉེན་ཁ་ཆེ་བའི་སྨན་རྫས་དང་རིགས་གསུམ་པའི་སྨན་བཅོས་སྒྲིག་ཆས།  དམིགས་གསལ་ཅན་གྱི་མཛེས་སྤྲས་བྱུགས་རྫས་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ།  ཉོ་སྒྲུབ་རྩིས་ལེན་དང་གསོག་ཉར་ཕྱིར་འཚོང་སོགས་ཀྱི་གོ་རིམ་ལ་ཞིབ་བཤེར་ནན་ཏན་བྱས་པ་དང་།  འཛིན་ཡིག་ཅན་གྱི་སྨན་པས་ནད་ལ་བལྟ་བར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་དུས་ཆེན་སྐབས་ཀྱི་ཁྲོམ་རའི་འདོན་སྤྲོད་བདེ་འཇགས་ལ་འགན་སྲུང་བྱས།

ཁྲོམ་རའི་རིན་གོང་ལྟ་སྐུལ་བྱ་བའི་ཁྲོད། འབྲུ་སྣུམ་དང་ཤ་རིགས། སྔོ་ཚལ་སོགས་འཚོ་བའི་མཁོ་ཆས་དང་། ཉེར་མཁོའི་སྨན་རྫས། ཤོག་སྦག་སོགས་གཙོ་གནད་ཚོང་རྫས་ལ་དམ་པོར་དམིགས་ནས། རིན་གོང་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐུན་མོང་གིས་རིན་གོང་ཇེ་མཐོར་གཏོང་བ་དང་། རིན་གོང་གི་མགོ་སྐོར་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས། ནུས་ཤུགས་ཡོད་རྒུས་དུས་ཆེན་སྐབས་ཀྱི་ཁྲོམ་རའི་རིན་གོང་དང་སྒྲིག་ལམ་སྲུང་སྐྱོང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། རྨ་ལྷོ་ཁུལ་གྱིས་རྒྱུན་མཐུད་ངང་ཁྲོམ་རའི་སྐོར་ཞིབ་ནུས་ཤུགས་ཆེ་རུ་བཏང་ནས། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ཚོགས་རར་དམ་པོར་དམིགས་ཏེ“ཕྱིར་བལྟ”རྣམ་པའི་ཞིབ་བཤེར་བྱ་བ་སྤེལ་བ་དང་། དུས་ཆེན་སྐབས་སུ་དུས་ཚོད་ཉེར་བཞིའི་རིང་ལས་རེས་བྱེད་པ་དང་འགོ་ཁྲིད་མི་སྣས་སྣེ་ཁྲིད་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། 12315ཡི་ཞུ་གཏུག་ཐེར་འདོན་རྒྱུད་ལམ་ཤར་གཏོང་བྱས་ཏེ། བདེ་འཇགས་མཚམས་ཐིག་དམ་པོར་སྲུང་བ་དང་། ནུས་ཤུགས་ཡོད་རྒུས་ལོ་སར་སྐབས་ཀྱི་ཁྲོམ་རར་སྒྲིག་ལམ་ཡོད་པ་དང་། མང་ཚོགས་ཀྱིས་བབ་ཕེབས་ངང་ལོ་སར་རོལ་ཐུབ་པར་འགན་སྲུང་བྱས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།