ཟླ2པའི་ཚེས24ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། 2026ལོར་ཡུས་ཧྲུའུ་ཁུལ་གྱིས་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དེ་ལྟེ་བའི་བྱེད་ཐབས་སུ་བྱས་ནས། དམངས་འཚོར་ཕན་པ་དང་། འཛད་སྤྱོད་ལ་སྐུལ་འདེད། དངུལ་གཏོང་བརྟན་པོ་བཅས་ཀྱིས་མཐུན་སྦྱོར་ཤུགས་འདོན་བྱས་ཏེ། བྱེད་ཐབས་ནན་མོ་རབ་དང་རིམ་པ་བཏོན་པ་དང་། མུ་མཐུད་དུ་དཔལ་འབྱོར་གཞོང་ཆེན་བརྟན་པོ་ཡོང་བ་དང་། ནང་གནས་སྒུལ་ཤུགས་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་ནུས་སྟོབས་ལྡན་སྣོན་རྒྱུ་རེད།
འཛད་སྤྱོད་ཆེར་སྐྱེད་ཀྱི་ཆེད་དམིགས་བྱ་སྤྱོད་དང་ལེན་བྱས་ཏེ། “གསར་གཉིས”སྲིད་ཇུས་ལག་བསྟར་དང་ཇེ་ལེགས་སུ་བཏང་ནས། ཚོང་ཁང་དང་པོའི་དཔལ་འབྱོར་དང་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། “ཁྱབ་ཁོངས་གསར་པའི”ལྟེ་བའི་ཚོང་ལས་ཁྱབ་ཁོངས་སྤུས་ལེགས་དང་ལེགས་སྒྱུར་བྱས་ཏེ། ཡུས་ཧྲུའུ་གྲོང་ཁྱེར་གྱི་ས་ཁོངས་རང་བཞིན་གྱི་འཛད་སྤྱོད་ལྟེ་བའི་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད། ཡུལ་སྐོར་དང་འགྲན་བསྡུར། རིག་གནས་སོགས་མཉམ་འདྲེས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་ལྗོངས་རྣམ་ཕུན་སུམ་ཚོགས་པའི་སྒོ་ནས་འཕེལ་རྒྱས་བཏང་སྟེ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་པ་དང་། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ལ་སྐུལ་སྤེལ་བྱས་ཏེ། ཚོང་དོན་ཁེ་ལས3གསར་དུ་སྣོན་པ་དང་། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དྲུག་གི་ཡན་ལ་སླེབས་པར་བརྩོན་ལེན་བྱེད་རྒྱུ་རེད།
ཁྱད་ལྡན་ཁྱད་སྟོབས་ཐོན་ལས་ལ་དམིགས་ནས། ཐོན་ལས་མུ་ཕྲེང་གི་གནད་འཁེལ་ཚོང་འགུག་དང་། མ་དངུལ་མུ་ཕྲེང་གིས་ཚོང་འགུགས་ལ་སྐུལ་འདེད། ས་ཁོངས་ལས་བརྒལ་བའི་མཉམ་འགུལ་གྱིས་ཚོང་འགུག་བཅས་བྱས་ཏེ། པེ་ཅིང་དང་ཅང་སུའུ། ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་གལ་ཆེན་དག་ཏུ་ཚོང་འགུག་ངོ་སྤྲོད་བྱེད་སྒོ་མུ་མཐུད་དུ་སྤེལ་ཏེ། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་གཅིག་སྡུད་ཀྱིས་རྨང་གཞི་སྟོབས་ཆེ་རུ་གཏོང་བ་དང་། འགུལ་ནུས་ཇེ་མང་དུ་གཏོང་བ། ཡུན་རིང་ལ་ཕན་པ་ཐོབ་པའི་སྤུས་ལེགས་རྣམ་གྲངས་ཁག་ཅིག་ནང་འདྲེན་བྱེད་དགོས། མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ཁེ་ལས་ལ་ཕན་འདོགས་པའི་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་ནས། ལོ་ཧྲིལ་པོར་ཁྲོམ་རའི་ཚོང་གཉེར་བྱེད་པོ་བརྒྱ་ཆའི10ཡན་འཕར་བ་དང་། ཚོང་འགུག་དངུལ་འདྲེན་གྱི་མ་དངུལ་སྒོར་ཐེར་འབུམ་གཅིག་གི་ཡན་ལས་བརྒལ་བར་བརྩོན་ལེན་བྱེད་རྒྱུ་རེད།
ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་དང་། དུས་ཡུན་རིང་བའི་རྒྱལ་བུན་དང་ས་གནས་ཀྱི་བུན་ལོར་བཅས་བེད་སྤྱོད་གང་ལེགས་བྱས་ཏེ། དངུལ་གཏོང་གི་བསྡོམས་འབོར་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་ལྔ་ཡོད་པའི་རྣམ་གྲངས་མུ་མཐུད་དུ་གསར་འཛུགས་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་མཐོར་འདེགས་དང་ཞན་ཆ་གསབ་པའི་བཟོ་སྐྲུན་དང་རེས་སྐོར་གསར་པའི་ཞིང་སྡེའི་གཞུང་ལམ་གྱི་སྤུས་འདེགས་བྱ་སྤྱོད་ལག་བསྟར་བྱས་ཏེ། ཡུས་ཧྲུའུ་ནས་རྫ་སྟོད་བར་གྱི་གཞུང་ལམ་དང་། ཁྲི་འདུ་ནས་རིན་པོ་བར་གྱི་གཞུང་ལམ་སོགས་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད། ཡུས་ཧྲུའུ་ནས་ནང་ཆེན་བར་གྱི་མྱུར་བགྲོད་གཞུང་ལམ་དང་། མུ་ཏིག་ཚ་ཆུའི་ས་ཚིགས་བསྒྱུར་བཀོད་དང་མཐོར་འདེགས་སོགས་རྣམ་གྲངས་ཀྱི་དུས་སྔོན་བྱ་བ་ཇེ་མགྱོགས་སུ་བཏང་ནས། རྣམ་གྲངས་གལ་ཆེན་གྱི་ཚེ་སྲོག་འཁོར་ཡུན་ཡོངས་ཀྱི་དོ་དམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རྣམ་གྲངས་ཀྱི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད།