ལོ་སར་སྐབས་སུ་ལྕགས་ལམ་དང་མཁའ་འགྲུལ། གཞུང་ལམ་བཅས་ཀྱི་འགྲུལ་བ་སྐྱེལ་འདྲེན་གྱི་མི་ཐེངས་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བཞི་སྟོང་བརྒྱད་ཉིས་བརྒྱར་སླེབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ལོ་སར་གྱི་གུང་གསེང་སྐབས་སུ། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱིས“བདེ་འཇགས་སྐྱེལ་འདྲེན་དང་། སྟབས་བདེའི་སྐྱེལ་འདྲེན། བྱམས་བརྩེའི་སྐྱེལ་འདྲེན”བཅས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་ལེགས་ཆ་གདོན་སྤེལ་གང་ལེགས་བྱས་ནས། སྐྱེལ་འདྲེན་རྩ་འཛུགས་དང་འགྲུལ་བཞུད་ཞབས་ཞུ། དྲིལ་བསྒྲགས་སྣེ་ཁྲིད་བཅས་ལ་གཅིག་གྱུར་ཤུགས་སྣོན་བྱས་པར་མ་ཟད། ནུས་ཤུགས་ཡོད་རྒུས་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་གཞུང་ལམ་ཤར་གཏོང་དང་། སྐྱེལ་འདྲེན་ལ་གོ་རིམ་ལྡན་པ། བདེ་འཇགས་དང་བརྟན་བརླིང་ཡིན་པ་བཅས་ལ་འགན་སྲུང་བྱས། ཉིན་དགུའི་རིང་གི་གུང་གསེང་སྐབས། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་དང་ལྕགས་ལམ། མཁའ་འགྲུལ་བཅས་ཀྱིས་ཁྱོན་སྡོམ་འགྲུལ་བ་མི་ཐེངས་ས་ཡ་གཅིག་འབུམ་ལྔ་ཁྲི་བཞི་སྟོང་བརྒྱད་ཉིས་བརྒྱ་སྐྱེལ་འདྲེན་བྱས་པ་དང་། ན་ནིང་ལས་བརྒྱ་ཆའི2.04འཕར་ཡོད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གིས་མཐུན་སྦྱོར་མཉམ་འགུལ་དང་འགུལ་རྣམ་ལྟ་ཞིབ་ལ་ཤུགས་བསྣན་ཏེ། གཞི་གྲངས་ཆེན་མོ་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་འགྲུལ་བའི་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱས་ནས། འོས་འཚམ་གྱིས་སྐྱེལ་འདྲེན་ནུས་ཤུགས་ཐོན་ཁོངས་བཀོད་གཏོང་བྱས་པ་དང་། མང་ཚོགས་ཀྱི་འགྲུལ་བཞུད་དགོས་མཁོར་འགན་སྲུང་གང་ལེགས་བྱས། ལོ་སར་གྱི་གུང་གསེང་སྐབས་སུ། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་དྲ་བའི་སྤྱིའི་འགྲུལ་བཞུད་རླངས་འཁོར་ས་ཡ་གསུམ་དང་འབུམ་གསུམ་ཁྲི་དགུ་སྟོང་དྲུག་ལྔ་བརྒྱར་སླེབས་ཡོད་ལ། དེའི་ཁྲོད་མྱུར་བགྲོད་གཞུང་ལམ་གྱི་འགྲུལ་བཞུད་རླངས་འཁོར་ས་ཡ་གཉིས་འབུམ་དགུ་ཁྲི་གསུམ་སྟོང་གཉིས་དྲུག་བརྒྱ་ཡོད་ལ། ན་ནིང་ལས་ཉིན་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆའི17.91ཡིན། སྤྱིར་བཏང་གི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་འགྲུལ་བཞུད་རླངས་འཁོར་འབུམ་བཞི་ཁྲི་དྲུག་སྟོང་གསུམ་དགུ་བརྒྱ་ཡོད་ལ། ན་ནིང་ལས་བརྒྱ་ཆའི8.53མར་ཆག་ཡོད། མྱུར་བགྲོད་གཞུང་ལམ་སྲུང་སྐྱོང་ལས་ཁུངས་ཀྱིས“སེ་འབྲུ་དམར་པོ”དང་བླངས་ཞབས་ཞུ་རུ་ཁག་རྩ་འཛུགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་རླངས་འཁོར་ལྟེ་གནས་འགྲུལ་སྐྱེལ་ས་ཚིགས་སུ་སོང་སྟེ། “མཚོ་སྔོན་བདེ་སྐྱིད་བཞུད་ལམ”ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། འགྲུལ་སྐྱེལ་ས་ཚིགས་ཀྱི་འཛུལ་སྒོ་དང་འབུད་སྒོ། རླངས་འཁོར་སྒུག་སའི་ཚོམས་ཆེན་སོགས་མི་ཚོགས་མང་བའི་ས་ཁུལ་དུ་རང་འགུལ་ངང་འགྲུལ་བར་ཁྲིད་སྟོན་དང་བློ་འདྲི། ལམ་ཆས་སྐྱེལ་འདྲེན། རླངས་འཁོར་ལ་སྒུག་པའི་གོ་རིམ་སྲུང་སྐྱོང་སོགས་ཞབས་ཞུ་འདོན་སྤྲོད་བྱས།

ལོ་སར་གུང་གསེང་སྐབས་སུ། མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་ལས་ཁྱོན་སྡོམ་གནམ་གྲུ་ཐེངས1314འཕུར་བ་དང་། འགྲུལ་བ་མི་ཐེངས་འབུམ་གཅིག་ཁྲི་ལྔ་སྟོང་བཞི་སྐྱེལ་འདྲེན་བྱས་ལ། ན་ནིང་དང་བསྡུར་ན་སོ་སོར་བརྒྱ་ཆའི་2.9དང་། བརྒྱ་ཆའི16.7འཕར་ཡོད། ཟི་ལིང་གནམ་གྲུ་ཐང་ནས་ཁྱོམ་སྡོམ་གནམ་གྲུ་ཐེངས1146འཕུར་བ་དང་། འགྲུལ་བ་མི་ཐེངས་འབུམ་གཅིག་ཁྲི་བཞི་སྟོང་གསུམ་སྐྱེལ་འདྲེན་བྱས་ལ། ན་ནིང་ལས་སོ་སོར་བརྒྱ་ཆའི8.8དང22.1འཕར་བར་མ་ཟད། འཕར་ཚད་མངོན་གསལ་ཡིན། འགྲུལ་བ་བདེ་བླག་ངང་འགྲུལ་བཞུད་བྱེད་པར་འགན་སྲུང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གནམ་ཐང་ཀུང་ཟིས་སྔོན་ལ་ཇུས་འགོད་བྱས་ཏེ། ཧུར་ཐག་གིས་མཁའ་འགྲུལ་ཀུང་ཟི་སོ་སོར་མཐུན་སྦྱོར་སྒོས་པེ་ཅིང་དང་ཧྲེང་ཧེ། ནན་ཅིང་། ཀྲང་ཧྲ། ཁུང་མིང་། ཁྲིན་ཏུའུ། ཧའེ་ཁུའུ་སོགས་ལམ་ཐིག་གཙོ་བོ་ཁག་ལ་སྐྱེལ་འདྲེན་ནུས་ཤུགས་འཕར་སྣོན་དང་དུས་གཏན་གནམ་གྲུ་ཇེ་མང་དུ་བཏང་། ཁྲིན་ཏུའུ་དང་ཁྲུང་ཆིན། ཁྲང་ཧྲ། ཞ་མེན། ཁུང་མིང་། ཞི་ཧྲོང་པན་ནཱ་སོགས་གྲོང་ཁྱེར་གྱི་འགྲུལ་བ་ཅུང་མང་།

ཟླ2པའི་ཚེས15ཉིན་ནས་ཚེས23ཉིན་བར། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ཁྱོན་སྡོམ་འགྲུལ་བ་མི་ཐེངས་འབུམ་བཞི་ཁྲི་གསུམ་སྟོང་གཉིས་སྐྱེལ་འདྲེན་བྱས་པ་དང་། ན་ནིང་ལས་བརྒྱ་ཆའི5.19འཕར་ཡོད་ལ། དེའི་ཁྲོད་ཟླ2པའི་ཚེས23ཉིན་ཏེ་སྐྱེལ་འདྲེན་མཐོ་རླབས་ཀྱི་ཉིན་མོར་སྐྱེལ་འདྲེན་བྱས་པའི་འགྲུལ་བ་མི་ཐེངས་ཁྲི་བདུན་ལྔ་བརྒྱར་སླེབས་ཡོད། མང་ཚོགས་ཀྱི་འགྲུལ་བཞུད་དགོས་མཁོ་སྐོང་ཆེད། མཚོ་བོད་སྡེ་ཚོགས་ཀུང་ཟིས་ལྕགས་ལམ12306སྤྱི་སྟེགས་ཀྱི་གཞི་གྲངས་ཆེན་མོ་གཞིར་བཟུང་ནས། གནས་སྐབས་ཀྱི་སྐྱེལ་འདྲེན་མེ་འཁོར་དང་འཕར་སྣོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དུས་ཆེན་སྐབས་ཀྱི་འགྲུལ་བ་སྐྱེལ་འདྲེན་ལ་འགན་སྲུང་བྱས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།