ཚེས23ཉིན། སྤྱི་ཚོགས་ཡོངས་ཀྱི་ཁུལ་ཁོངས་ལས་བརྒལ་བའི་མི་སྣའི་འགྲུལ་བཞུད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ལས་བརྒལ་ཡོད། དེའི་ནང་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་ལྔ་སྐྱེལ་འདྲེན་བྱས་ཡོད་པས། ལོ་སར་གུང་གསེང་སྐབས་ཀྱི་ལྕགས་ལམ་འགྲོ་འོང་གི་ཚད་ཆེས་མང་ཤོས་ཡིན། ཕྱིར་ལོག་པའི་འགྲུལ་པ་མང་བའི་དུས་སུ། པེ་ཅིང་དང་ཁྲིན་ཏུའུ།ཁྲང་ཁྲུན་སོགས་ས་ཁུལ་མང་པོའི་མེ་འཁོར་ས་ཚུགས་སུ་ལས་སྒྲུབ་མི་སྣ་ཇེ་མང་དུ་བཏང་བ་མ་ཟད། སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་གྱི་གཏོང་ཐེངས་ཇེ་མང་དུ་གཏོང་བར་མཐུན་སྦྱོར་བྱས་པ་དང་། མི་སྣ་བཀོད་སྒྲིག་བྱས་ཏེ་འགྲུལ་པས་མགྱོགས་མྱུར་ངང་རླངས་འཁོར་བརྗེ་བར་ཁྲིད་སྟོན་བྱས།
ཚེས23ཉིན། རྒྱལ་ཡོངས་མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་འཁོར་རྒྱུག་བྱེད་ཚད་སྔོན་དཔག་བྱས་ན་ཐེངས་བྱེ་བ་དྲུག་དང་ས་ཡ་དྲུག་ལས་བརྒལ་ཡོད། ཅང་སུའུ་དང་ཨན་ཧུའེ་སོགས་རླངས་འཁོར་མང་བའི་ལམ་དུ། འགྲིམ་འགྲུལ་སྡེ་ཁག་གིས་འཕྲལ་བསྟུན་འཁོར་ལམ་གྱི་འགུལ་རྣམ་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་དེ། ལམ་དུམ་གཙོ་བོ་རུ་རླངས་འཁོར་འགག་པའི་གནད་དོན་ཐག་བཅད། ཚེས23ཉིན། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་སྔོན་དཔག་བྱས་ན་མི་ཐེངས་ས་ཡ་གཉིས་དང་འབུམ་དྲུག་ཁྲི་ལྔ་ཡིན། ཧའེ་ནན་གྱི་གནམ་གྲུ་ཐང་ཆེན་པོ་གསུམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་འབུམ་གཉིས་དང་ཁྲི་གསུམ་སྟོང་གཉིས་ལས་བརྒལ་ཡོད།རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་དང་ཤར་ཕྱོགས་མཁའ་འགྲུལ་ཀུང་སི། ལྷོ་ཕྱོགས་མཁའ་འགྲུལ་ཀུང་སི། ཧའེ་ཧང་མཁའ་འགྲུལ་ཀུང་སི་བཅས་མཁའ་འགྲུལ་ཀུང་སི་བཞི་ཡིས་ཧའེ་ནན་གྱི་གནམ་གྲུ་གཏོང་ཐེངས་ཇེ་མང་དུ་བཏང་ནས། འགྲུལ་པ་ཕྱིར་ལོག་པའི་དགོས་མཁོ་བསྐངས།