མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཅིན་ཧྭ་ཡིས་འགན་སྒྲུབ་བྱེད་པའི་སྐབས་སུ་མཁར་གྲོང་སྡེ་ཁུལ་དང་རྒན་གསོའི་ལས་ཁུངས། སྡོད་དམངས་ཁྱིམ་ཚང་བཅས་སུ་ཐེངས་མང་པོར་རྟོག་ཞིབ་ཏུ་སོང་། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། ཁོ་མོས་ཞིང་སྡེའི་དཀའ་ངལ་ཡོད་པའི་རྒན་པར་འཚམས་འདྲི་དང་གཅེས་སྐྱོང་བྱེད་པ་དང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུ་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་པར་དམིགས་ཏེ་བསམ་འཆར་དང་གྲོས་གཞི་འདོན་རྒྱུ་རེད། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་ལ་ཉེ་བའི་སྐབས་སུ། ཨུ་ཡོན་ཅིན་ཧྭ་མཚོ་སྔོན་ཞིང་ཆེན་ཏུའུ་ལན་རྫོང་ཁྲ་ཧན་ཝུའུ་སུའུ་གྲོང་རྡལ་ཧྲང་ཐན་ཏུང་སྡེ་བའི་ཧུའུ་ཀྲུའུ་བདེ་སྐྱིད་གླིང་དུ་རྟོག་ཞིབ་ཏུ་སོང་སྟེ། བདེ་སྐྱིད་གླིང་གི་ལས་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་རྒྱལ་ཁབ་ཀྱིས་ཞིང་སྡེའི་རྒན་གསོ་ཞབས་ཞུའི་མི་འདང་ས་ཁ་གསབ་བྱས་པ་དང་། རིམ་རྩིས་བྱས་ན་ཞིང་སྡེའི་རོགས་རེས་རང་བཞིན་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་ཆིག་འབུམ་བཞི་ཁྲི་ལྷག་འཛུགས་སྐྲུན་བྱས་ཡོད། ཅིན་ཧྭ་ཡིས་རྟོག་ཞིབ་བྱེད་སྐབས་མཐོ་སྒང་ས་ཁུལ་གྱི་ཞིང་སྡེའི་རྒན་པའི་སྡོད་གནས་ཁ་ཐོར་དང་ཐག་རིང་ལུང་ཁུག་ཡིན་པས། ཁོ་ཚོའི་རྒན་གསོའི་དཀའ་གནད་ཐག་གཅོད་དགོས་ན་སྡེ་བ་རིམ་པའི་རོགས་རེས་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཐད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་དང་། དུས་མཚུངས་སུ་དཀའ་ངལ་ཡོད་པའི་རྒན་པར་འཚམས་འདྲི་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་ཤེས་རྟོགས་བྱུང་། དབང་བོ་སྐྱོན་ཅན་གྱི་རྒན་པར་བདག་སྐྱོང་བྱེད་པ་ནི་ཁྱིམ་ཚང་རེ་རེའི་ལྡོག་མེད་ཀྱི་དགོས་མཁོ་ཡིན། འདས་པའི་ལོ་གཅིག་ནང་། ཅིན་ཧྭ་ས་གནས་དེ་གའི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ལས་ཁུངས་སུ་ཐེངས་མང་པོར་རྟོག་ཞིབ་ཏུ་སོང་སྟེ། རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས། ས་གནས་ཀྱི་ནད་སྐྱོང་རྣམ་པའི་ཉལ་ཁྲིའི་གྲངས་འབོར་གྱིས་དབང་བོ་སྐྱོན་ཅན་གྱི་རྒན་པར་ལྟ་སྐྱོང་བྱེད་པའི་དགོས་མཁོ་བསྐངས་ཡོད་མོད། འོན་ཀྱང་མཐོ་སྒང་ས་ཁུལ་གྱི་གནམ་གཤིས་དང་རྒན་གསོའི་འདུ་ཤེས་སོགས་ཀྱི་རྐྱེན་གྱིས་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ལས་ཁུངས་ཀྱིས་དོན་དངོས་གཉེར་སྐྱོང་ཁྲོད་ཞག་སྡོད་བྱེད་ཚད་དམའ་བ་དང་ཆེད་ལས་ཅན་གྱི་འཇོན་མི་དཀོན་པ་སོགས་ཀྱི་གནད་དོན་གནས་ཡོད་པ་ཤེས་རྟོགས་བྱུང་བས། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། ཨུ་ཡོན་ཅིན་ཧྭ་ཡིས་མཐོ་སྒང་གི་དབང་བོ་སྐྱོན་ཅན་གྱི་རྒན་པར་ལྟ་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་བསམ་འཆར་དང་གྲོས་གཞི་འདོན་རྒྱུ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅིན་ཧྭ་ཡིས་བཤད་རྒྱུར། སྣ་མང་ཅན་གྱི་ཐབས་ལམ་བརྒྱུད་དེ་སྡེ་བ་རིམ་པའི་རྒན་གསོ་འཚམས་འདྲི་མི་སྣའི་དཔུང་སྡེ་བཙུགས་ནས། ཐག་རིང་ལུང་ཁུག་གི་རྒན་པར་རྒྱུན་ལྡན་གྱི་དོ་དམ་བྱེད་མཁན་ཡོད་པ་དང་དཀའ་ཁག་ལ་འཕྲད་དུས་རོགས་རམ་བྱེད་མཁན་ཡོད་པར་འགན་ལེན་བྱེད་དགོས་པ་དང་། མཐོ་སྒང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ལས་ཁུངས་འཛུགས་སྐྱོང་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཏོན་ནས་འཕྲལ་བསྟུན་གསོ་རླུང་མཁོ་འདོན་སོགས་མཐོ་སྒང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་ཚད་གཞི་གཏན་འབེབས་གསལ་བོ་བྱེད་དགོས།