ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས25པར་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ2པའི་ཚེས23ཉིན་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས25པར་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས25པའི་སྟེང་། ཀྲུང་གོའི་གངས་འཁྱགས་ལུས་རྩལ་པ་ཚོས་གསེར་གྱི་རྟགས་མ5དང་། དངུལ་གྱི་རྟགས་མ4། ཟངས་ཀྱི་རྟགས་མ6བཅས་བསྡོམས་པས་བྱ་དགའི་རྟགས་མ15བླངས་ཏེ། རང་རྒྱལ་གྱི་ཕྱི་རྒྱལ་དུ་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་ཐོབ་པ་དང་། ལུས་རྩལ་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་འབྲས་བུ་ཡག་པོ་སྨིན་པས། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་བསྐྲུན།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྟེང་། ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས། ཨོ་ལིན་ཕིག་གི་སྙིང་སྟོབས་བཅས་ཤུགས་ཆེན་པོས་དར་སྤེལ་བཏང་བ་དང་། བློ་གཅིག་སེམས་གཅིག་གིས་སྟོབས་ཤུགས་མཉམ་འདོན་དང་དཔའ་ངར་ཆེན་པོས་རྩལ་འགྲན་བྱས་ནས་ཞུམ་མེད་ཀྱི་སྤྱོད་སྟངས་དང་རྩེར་སོན་གྱི་རྩལ་ནུས་མངོན་པ་མ་ཟད། ཀྲུང་གོའི་ལུས་རྩལ་གྱི་དཔའ་བསྐྱེད་མདུན་སྐྱོད་ཀྱི་སྙིང་སྟོབས་ཆེན་པོ་མཚོན་པར་བྱས། ཁྱེད་ཚོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་ལུས་རྩལ་པ་དང་མཉམ་དུ་འདྲ་མཉམ་འགྲན་རྩོད་དང་མཛའ་བརྩེ་བརྗེ་རེས། མཛའ་མཐུན་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་འཛམ་གླིང་ལ་ཡང་བསྐྱར་དུས་རབས་གསར་པའི་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་སྣང་བརྙན་བཅས་མངོན་པར་བྱས་ཤིང་།རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོའི་རྒྱལ་གཅེས་བརྩེ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་སྔར་ལས་བསྐྱེད་པར་བྱས།

ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུའི་དམིགས་འབེན་ལ་དམ་པོར་དམིགས་པ། རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ།རྒྱུན་ཆད་མེད་པར་འཛམ་གླིང་གངས་འཁྱགས་ལུས་རྩལ་གྱི་ཡང་རྩེ་གསར་པར་འཛེག་པ། མི་དུང་ཕྱུར3གངས་འཁྱགས་ལུས་རྩལ་ནང་ཞུགས་པར་སྐུལ་ཁྲིད་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་པའི་རེ་བ་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།