ཟླ2པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་གློག་འཕྲིན་བཏང་སྟེ། ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་སྟེང་ཁོ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་གསུངས་རྒྱུར། ཁྲའོ་ཞན་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གཙོ་བྱས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་སྒོས་ཁྲའོ་ཞན་མི་དམངས་ཀྱི་སྣེ་ཁྲིད་ནས་འབད་བརྩོན་ཧུར་ཐག་བྱས་ཏེ། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས།
བློ་མཐུན་ཅིན་ཀྲེང་ཨེན་ཡང་བསྐྱར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་དེས་ཁྲའོ་ཞན་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ལ་ཡིད་ཆེས་ཆེན་པོ་དང་ལྷག་བསམ་རྣམ་དག་གིས་གོང་བཀུར་བྱེད་བཞིན་པ་མཚོན། ཁྲའོ་ཞན་ཏང་གི་ཚོགས་ཆེན་ཐེངས་དགུ་པ་དེ་ཁྲའོ་ཞན་གྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྔ་མཐུད་ཕྱི་སྐྱོང་བྱེད་པའི་གནད་འགག་གི་དུས་མཚམས་སུ་རྒྱལ་ཁའི་ངང་འཚོགས་པས་དོན་སྙིང་གལ་ཆེན་ལྡན།
བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་གཙོ་བྱས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱིས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བཟུང་སྟེ། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་སྨོན་འདུན་ཞུས་པ་ཡིན། ཀྲུང་གོ་དང་ཁྲའོ་ཞན་ནི་ཕན་ཚུན་ལྟ་སྐྱོང་རོགས་རེས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་ཇེ་བརྟན་ཏུ་གཏོང་བ། འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཤིག་ཡིན། ཉེ་བའི་ལོ་འགའི་རིང་། ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་གཉིས་ཐེངས་མང་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བ་ལེགས་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་གང་ལེགས་བྱས། ལོ་བརྒྱའི་འཕོ་འགྱུར་གྱི་འཕེལ་རིམ་ཇེ་མགྱོགས་སུ་སོང་བ་དང་རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་གྱུར་བ་བཅས་ཀྱི་མདུན་དུ། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་ང་ཚོའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱེད་པར་མཛུབ་སྟོན་དང་། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་མཐུན་གྱི་ལེའུ་གསར་པ་བརྩམས་ནས་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལས་དོན་ལ་ཞབས་འདེགས་ཞུ་བ་དང་།
རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་སྟེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་རྒྱས་ཐད་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད།