ཟླ2པའི་ཚེས22ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལུགས་རྙིང་ལོ་སར་སྐབས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས། མིག་སྔའི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། “དུས་ནམ་ཡང་སེམས་བདེ་ལ་མི་འབབ་པའི”འགན་འཁྲིའི་འདུ་ཤེས་ཀྱི་བླང་བྱ་ལྟར། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་སྣ་ཚོགས་ཞིབ་ཕྲ་དང་དམ་འཛིན་ནན་མོ་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་མི་འབྱུང་བ་དང་། མི་སྣ་ཤི་རྨས་མི་འབྱུང་བའི་ཚད་མཐའ་མཐའ་གཅིག་ཏུ་སྲུང་འཛིན་བྱས།
མིག་སྔར། མཚོ་སྔོན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གནས་བབ་ཧ་ཅང་ཛ་དྲག་ཆེ་ལ། ས་གནས་མང་པོ་ཞིག་ཏུ་བསྟུད་མར་ཉིན60ཡན་ལ་མེ་ཡི་ཉེན་ཁའི་ཚད་རིམ5ལ་སླེབས་པ་དང་། ནགས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་སྔོན་ཚུད་ཉེན་བརྡ་དམར་པོ་ལས40%བརྒལ་ཡོད་པ་ཁྱབ་བསྒྲགས་བྱས། དེའི་ཐོག་ལུགས་རྙིང་ལོ་སར་སྐབས་སུ་མཆོད་འབུལ་དང་ཞིང་ལས་མེ་སྤྱོད་སོགས་མེ་ཁུངས་སྣ་ཚོགས་རིམ་བརྩེགས་བྱས་ཡོད་པས། མེ་ཁུངས་དོ་དམ་གྱི་གནོན་ཤུགས་སྔར་བྱུང་མྱོང་མེད་པ་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་མངོན་གསལ་སྒོས་འབུར་དུ་ཐོན་ཡོད། མཚོ་སྔོན་གྱིས་འགོག་ཟོན་སྔོན་ལ་འཛིན་པ་རྒྱུན་འཁྱོངས་བྱས་ནས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་མེ་སྐྱོན་འབྱུང་ཁུངས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་དང་། མི་ཐབས་མེ་ཁུངས་དོ་དམ་ཚོད་འཛིན་ནན་མོ་བྱས་ཏེ། གཙོ་གནད་དུས་མཚམས་དང་མེའི་ཉེན་ཁ་ཆེ་བའི་ས་ཁོངས་ལ་དོ་སྣང་ཆེན་པོ་བྱས་ནས། འགག་གནས་ཀྱི་ལས་གནས་བརྟན་སྲུང་དང་། སྐོར་ཞིབ་སྐོར་སྲུང་། བཀག་སྡོམ་དོ་དམ་བྱེད་ཐབས་བཅས་དོན་འཁྱོལ་ནན་མོ་བྱས་ཏེ། མཆོད་འབུལ་དང་ཞིང་ལས་མེ་སྤྱོད། ཨར་ལས་མེ་བཅས་དོ་དམ་ནན་མོ་བྱས། དེ་ལས་གཞན། མངོན་མེད་རྐྱེན་ངན་སེལ་བའི་ཐད་མུ་མཐུད་དུ་ཤུགས་བསྣན་ནས། གློག་འདྲེན་སྒྲིག་བཀོད་ཀྱི་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་ནགས་ཚལ་གྱི་མཐའ་དང་ནགས་འདབས་ཀྱི་འབར་སླ་བའི་དངོས་རྫས་གཙང་བཤེར་ལ་ཤུགས་བསྣན་ཏེ། མེ་སྐྱོན་གྱི་ཉེན་ཁ་དངོས་གནས་ཇེ་ཆུང་དུ་བཏང་།
ཞིང་ཆེན་ཡོངས་ཀྱི་མེ་འགོག་གནས་བབ་ཉེན་ཁ་ཆེ་བའི་རིམ་པར་གནས་པའི་གནས་ཚུལ་འོག གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་ཚད་མཐའི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བརྟན་པོ་བཙུགས་ནས། འགན་འཁྲིའི་མུ་ཕྲེང་སྔར་ལས་ནན་དཀྲི་བྱས་ཏེ། ནགས་དཔོན་ལམ་ལུགས་བྱེད་ཐབས་སུ་བྱས་པ་དང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ལས་གནས་ཁུལ་དུ་སྡོད་པ། དྲ་བ་ཅན་གྱི་དོ་དམ་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་།