ཟླ2པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་འཕྲད་བསྟུན་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས20ཉིན་ནས་བཟུང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པས་རེས་མོས་ཀྱིས་སྣེ་ཁྲིད་དེ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཅུས་དང་། སྤྱི་བདེ་ཅུས་སོགས་ཀྱི་སྡེ་ཁག་དང་། ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་རྩ་འཛུགས་བྱས་ནས་ཤོག་སྦག་གི་བདེ་འཇགས་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གྱི་བྱ་བ་བསྒྲུབས། དེའི་རིང་། ཟི་ལིང་དང་མཚོ་ཤར་སོགས་ཀྱི་ཤོག་སྦག་སིལ་ཚོང་ཁང་གི་བདེ་འཇགས་ཚོང་གཉེར་གནས་ཚུལ་ལ་ཞིབ་བཤེར་གཏིང་ཟབ་བྱས་ཏེ། ཁྲིམས་འགལ་གྱི་ཚོང་གཉེར་བྱ་སྤྱོད་སྐོར་ཞིག་རྩད་ཆོད་བྱུང་བ་དང་། གཅིག་ཐོག་ཚོང་ཁང་དང་ཉེས་ཐོག་སྡོད་ཁང་ཡིན་པའི་བདེ་འཇགས་ཉེན་ཁ་ཚབས་ཆེན་གནས་པའི་སིལ་འཚོང་ཁང་བཞི་ལ་སྒོ་རྒྱག་དགོས་པའི་བཅོས་སྐྱོང་བྱེད་ཐབས་སྤྱད།
ལོ་སར་གྱི་སྐབས་སུ། ཁྱོན་ཡོངས་ནས་ཤོག་སྦག་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་བྱེད་སྒོ་སྤེལ་བ་དང་། ཟླ2པའི་ཚེས22ཉིན་བར། ཞིང་ཆེན་ཡོངས་ནས་ཁྱོན་སྡོམ་ལས་སྒྲུབ་ཚན་ཆུང327 དང་། ཞིབ་བཤེར་མི་སྣ800ལྷག་མངགས་གཏོང་བྱས་ཏེ། ཤོག་སྦག་སིལ་འཚོང་ཁང1177ལ་གྲལ་བཤེར་བྱས་པ་རེད། གཅིག་ཐོག་ཚོང་ཁང་དང་ཉིས་ཐོག་སྡོད་ཁང་ཡིན་པ་དང་། མདུན་ཚོང་ཁང་དང་རྒྱབ་སྡོད་ཁང་ཡིན་པའི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་གཙོ་གནད་དུ་བཟུང་ནས་ལེགས་བཅོས་བྱས་པར་མ་ཟད། ཉིས་ཐོག་སྡོད་ཁང་བྱས་ཏེ་གཅིག་ཐོག་ནས་ཚོང་ལས་གཉེར་བའི་ཉེན་ཁ་ཅན་གྱི་སིལ་འཚོང་ཁང10ཡི་སྒོ་བརྒྱབ་པ་དང་། ཚོང་ཁང6ལ་ཚོང་ལས་གཉེར་མཚམས་འཇོག་པའི་བཀའ་བབས་ལ། སྒྲིག་འགལ་ལས་ཁུངས་གཉིས་ལ་ཁྲིམས་ལྟར་སྲིད་དོན་ཆད་པ་བཅད། དེ་དང་མཉམ་དུ། ཁྲིམས་འགལ་ཤོག་སྦག་གཞུང་བཞེས་བྱེད་པར་ཤུགས་བསྣན་ནས། ཁྱོན་སྡོམ་ཤོག་སྦག་སྒམ150ལྷག་གཞུང་བཞེས་བྱས་ཏེ། ནུས་ལྡན་ངང་བདེ་འཇགས་ཉེན་ཁ་གཙང་སེལ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་རྒྱུན་མཐུད་ངང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ལེགས་བཅོས་གཏིང་ཟབ་བྱས་ཏེ། “གཏན་འགོག་ལྔ”དང་“ངེས་པར་དུ་སྒྲུབ་དགོས་པ་གསུམ”དོན་འཁྱོལ་ནན་ཏན་བྱེད་པ། སྡེ་ཁག་མཉམ་འགུལ་དང་དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཚད་གཞི་སྔར་བས་མཐོ་བ་དང་རེ་བ་སྔར་བས་མཐོ་བའི་སྒོ་ནས་བདེ་འཇགས་འཕེལ་རྒྱས་ཀྱི་མཚམས་ཐིག་གཏན་སྲུང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་བདེ་འཇགས་ངང་དུས་ཆེན་རོལ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།