ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས22ཉིན་ལུགས་རྙིང་ལོ་སར་གུང་གསེང་གི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས་ནས། མིག་སྔའི་བདེ་འཇགས་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། ཤོག་སྦག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དག་ཐེར་དང་དུས་ཆེན་རྗེས་སུ་ཕྱིར་ལས་གནས་སུ་ལོག་པ། ཐོན་སྐྱེད་དང་བྱ་བ་སླར་གསོ་བཅས་ཀྱི་བདེ་འཇགས་འགོག་ཟོན་བྱ་བ་སོགས་གཙོ་གནད་བྱ་བར་བཀོད་གཏོང་བཀོད་སྒྲིག་བྱས།
ཚོགས་འདུ་ལས་བསྟན་དོན། མིག་སྔར་ལུགས་རྙིང་ལོ་སར་གྱི་གུང་གསེང་མཇུག་རྫོགས་ལ་ཡོད་པས། ས་གནས་སོ་སོར་ཡར་འགྲོ་མར་འགྲོ་བྱེད་མཁན་མང་ལ། བྱེ་རྡུལ་འཚུབ་པ་དང་སྨུག་པ་འཐིབ་པ། ཁངས་ཆར་སོགས་ཀྱི་གནོད་འཚེ་ཡང་འབྱུང་སླ་ཞིང་འབྱུང་ཚད་མང་བ་དང་། ཁེ་ལས་ཀྱིས་ཐོན་སྐྱེད་དང་བྱ་བ་སླར་གསོའི་མགོ་རྩོམ་ལ་ཉེ་བར་བརྟེན། བདེ་འཇགས་ཉེན་ཁ་སྔར་ལས་མངོན་གསལ་ཡིན་པས་དུས་ཚོད་སྐར་ཆ་གཅིག་ལའང་བདེ་འཇགས་ཀྱི་ཚད་མཐའ་ལྷོད་མི་རུང་།
ས་གནས་སོ་སོས་སྟོབས་ཤུགས་གཙོ་བོ་ལས་ཡུལ་དང་པོའི་ཕྱོགས་སུ་བཀོལ་དགོས་པ་དང་། ཤོག་སྦག་ཚོང་གཉེར་བྱེད་ས་ཚང་མར་གྲལ་བཤེར་ནན་མོ་བྱེད་དགོས་ལ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དག་ཐེར་ལེགས་བཅོས་བྱེད་ཚད་ཇེ་ཆེར་བཏང་སྟེ། སྒྲིག་འགལ་གྱིས་མེ་ཏོག་ཤོག་སྦག་བཙོངས་པ་དང་ཐུམ་རྒྱག་བརྗེས་ནས་ཕྱིར་འཚོང་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་བ་དང་། བདེ་འཇགས་སློབ་གསོར་མུ་མཐུད་དུ་ཤུགས་སྣོན་དགོས། གཞུང་ལམ་དང་ཆུ་ལམ། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་སོགས་ཀྱི་བདེ་འཇགས་དོ་དམ་དང་ཚོད་འཛིན་འགྲེམ་གཏོང་ལ་ཤུགས་བསྣན་ནས། མང་ཚོགས་ཕྱིར་ལས་གནས་སུ་ལོག་པའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། ཁེ་ལས་མང་པོས་ལས་མགོ་རྩོམ་པའི་བདེ་འཇགས་སློབ་ཐུན་དང་པོ་ལེགས་པོར་འཚོགས་པར་ལྟ་སྐུལ་བྱེད་པ་དང་། བདེ་འཇགས་ཀྱི་བླང་བྱར་མི་འཚམ་ན་ལས་འགོ་བརྩམ་མི་ཆོག
ནུས་ཤུགས་ཡོད་རྒུས་གནོད་འགོག་གནོད་སེལ་གནོད་སྐྱོབ་བྱ་བ་དམ་འཛིན་ལེགས་པོ་བྱེད་དགོས། དཔྱིད་དུས་འཁྱགས་རོམ་ཞུ་བ་དང་ཆར་ཆུ་ཇེ་མང་དུ་འགྲོ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། ས་གཤིས་གནོད་འཚེའི་ཉེན་ཁར་སྐོར་བཤེར་དང་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་ཆེད་ལས་ཀྱི་རོགས་སྐྱོབ་རུ་ཁག་མང་པོའི་བདེ་འཇགས་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་དགོས་པ་དང་། མྱུར་སྐྱོབ་རོགས་སྐྱོབ་ཀྱི་བརྒྱུད་རིམ་ཧྲིལ་བོའི་བདེ་འཇགས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། རོགས་སྐྱོབ་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། །