ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལུགས་རྙིང་ལོ་སར་སྔ་གཞུག་གི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་སྔོན་འགོག་ལས་དོན་བརྙན་ལམ་བཀོད་གཏོང་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱ་ཆེད། ཟླ2ཚེས9ཉིན་ནས་ཚེས12ཉིན་བར་དུ། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ཚན་ཆུང2ཆེད་དུ་མངགས་ནས། “སྔོན་བརྡ་མ་བརྒྱབ་པར་ཐད་ཀར་གཞི་རིམ་བྱ་བར་ལྐོག་བཅར་བྱེད་པའི”བྱེད་ཐབས་སྤྱད་དེ། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སོགས་གཙོ་གནད་ས་ཁུལ་དུ། ལུགས་རྙིང་ལོ་སར་མ་ཚེས་སྔོན་གྱི་བདེ་འཇགས་ཐོན་སྐྱེད་ཐད་བྱ་བར་བརྟག་དཔྱད་དང་ལྐོག་བཅར་བྱས།
ཞིབ་བཤེར་ཚན་ཁག་གིས་བཟོ་ཚོང་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། ཤོག་སྦག་དང་ཤོག་བོའུ་མེ་ཏོག རིག་གནས་ཡུལ་སྐོར། དམིགས་བསལ་སྒྲིག་ཆས། མི་སྣ་འདུ་འཛོམས་བྱེད་གནས་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། ཐོན་སྐྱེད་གཉེར་སྐྱོང་སྡེ་ཁག13ལ་ཡུལ་དངོས་ནས་ཞིབ་བཤེར་བྱས་པ་དང་། འགན་འཁྲི་དོན་འཁྱོལ་དང་སྔོན་འགོག་ལམ་སྲོལ། ཡུལ་དངོས་ཀྱི་དོ་དམ། འཕྲལ་བསྟུན་འཆར་གཞི། འགལ་རྐྱེན་ཚབས་ཆེན་ཞིབ་བཤེར་བཅོས་སྒྲིག་སོགས་གནད་འགག་ལས་རིམ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ནན་མོ་བྱས་ནས། གནད་དོན་སྣ་ཚོགས་ཀྱི་འགལ་རྐྱེན་ཁག80ལྷག་གསལ་འདོན་བྱས། ཞིབ་བཤེར་ཚན་ཁག་གིས་འཕྲལ་དུ་ས་གནས་ཀྱི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚོགས། ཞིབ་བཤེར་བྱ་ཡུལ་ཁེ་ལས་བཅས་ལ་ཚུར་ལན་བྱིན་ཏེ། དུས་བཅད་ནང་བཅོས་སྒྲིག་བྱ་དགོས་པར་སྐུལ་འདེད་བཏང་ནས། དུས་ཆེན་སྐབས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་འགན་ལེན་བྱས།
ཞིབ་བཤེར་ཚན་ཁག་གིས་ཁོངས་གཏོགས་ས་གནས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དམ་འཛིན་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན། བྱེད་སྒོ་ཆེ་གྲས་དང་རིག་གནས་ཡུལ་སྐོར་གྱི་ལས་གཞི་གཙོ་བོ། ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་འགྲིམ་འགྲུལ་སོགས་གཙོ་གནད་ལས་རིམ་གྱི་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཤོག་སྦག་དང་ཤོག་བོའུ་མེ་ཏོག་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ། དུས་ཆེན་སྐབས་ཀྱི་འཕྲལ་བསྟུན་ལས་རེས་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། དོན་རྐྱེན་སྣ་ཚོགས་མི་འབྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། ལས་རིགས་ཀྱི་གནད་ལ་འཁེལ་བའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་གཅིག་ཤེས་ཀུན་གྲོལ་གྱི་སྒོ་ནས་ཉེན་ཁ་ཆེ་བའི་ཁྱབ་ཁོངས་ལ་དམིགས་འབེན་རང་བཞིན་ལྡན་པའི་ངང་ནས་ཞིབ་བཤེར་བྱེད་པ་དང་། བདེ་འཇགས་དང་འབྲེལ་བའི་ཉེན་ཁ་ཚབས་ཆེན་ལ་ཕྱོགས་གསུམ་པའི་ཆེད་ལས་དཔྱད་འཇོག་རྩ་འཛུགས་བྱེད་པ། དཔྱད་འཇོག་ཚད་གཞི་མ་ལོན་པ་ཚང་མར་ཐོན་སྐྱེད་བྱེད་མཚམས་བཞག་ནས་དག་ཐེར་བྱེད་དགོས་པར་མ་ཟད། ཁྲིམས་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས། ཁེ་ལས་ཀྱི་རང་འགན་དོན་འཁྱོལ་གང་ལེགས་བྱེད་དགོས།