མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་དོན་ཆེན་དང་པོ་ཡིན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ལོ་སར་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གལ་ཆེན་ཞིག་ཡིན་ཞིང་།  དེས་ཀྲུང་ཧྭའི་བུ་ཕྲུག་དག་གིས་ཁྱིམ་མི་ལྷན་འཛོམས་དང་བདེ་སྐྱིད་འཚོ་བར་བཅངས་པའི་མཛེས་སྡུག་གི་རེ་སྒུག་ཀྱང་མཚོན། ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་མང་ཚོགས་ཀྱི་གམ་དུ་སླེབས་ནས་ཚང་མ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཀྱིས་བདེ་སྡུག་འདྲི་ཞིང་། འཕེལ་རྒྱས་ལ་འཆར་འགོད་བྱས་ཏེ། ཏང་ཀྲུང་དབྱང་གི་ཐུགས་ཁུར་སྩོལ་བཞིན་ཡོད། ཕེབས་ཡུལ་རེ་རེར་བརྩེ་བ་ཟབ་མོའི་མངག་བཅོལ་གནང་བ་དང། མི་སེམས་ལ་དྲོད་ཁོལ་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཏེ། ཚང་མར་རེ་བ་ཆེན་པོ་བཅངས་ནས་འཐབ་ལམ་གསར་པར་བསྐྱོད་རྒྱུར་སྐུལ་ལྕག་གནང་། 

ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ལེའོ་ཉིང་ཧྲེན་དབྱང་གི་ཁྲང་ཨན་གཞིས་ཁུལ་དུ་འདུ་འཛི་ཤིན་ཏུ་རྒོད། སྡེ་ཁུལ་གྱི་ཞབས་བྲོ་རུ་ཁག་གིས་ལེ་ཚན་སྦྱོང་བརྡར་བྱས་ཏེ་ལོ་སར་གྱི་འཁྲབ་སྟོན་ལ་གྲ་སྒྲིག་བྱེད་པར་བྲེལ་བཞིན་ཡོད། ཡིག་གཟུགས་ལ་དགའ་མཁན་ཚོས་ཡུལ་དངོས་སུ་སྨྱུག་ཁའི་སྟངས་སྟབས་སྒྱུར་ནས་ལོ་སར་གྱི་སྨོན་འདུན་འབྲི་བཞིན་འདུག

ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཁྲང་ཨན་སྲང་ལམ་ཁྲང་ཨན་གཞིས་ཁུལ་གྱི་སྡོད་དམངས་ཀྲུའུ་ལིས་རུང་གིས་བཤད་རྒྱུར། ང་ནི་ཡིག་གཟུགས་སྦྱོང་བ་དང་རི་མོ་འབྲི་བ།  ཐའེ་ཅི་རྩལ་བཅས་ལ་དགའ་མཁན་ཞིག་ཡིན། སྡེ་ཁུལ་འདི་རུ་དགེ་རྒན་གྱིས་རིན་མེད་ངང་ང་ཚོར་འཁྲིད་ཀྱིན་ཡོད། ད་སྐབས་ང་ཚོས་སྡེ་ཁུལ་དུ་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད་ལ། གཞིས་ཁུལ་འཛུགས་སྐྲུན་བྱས་པ་མེ་ཏོག་ལྡུམ་ར་བཞིན་མཛེས་ལ། རིག་གནས་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། 

ཁྲང་ཨན་གཞིས་ཁུལ་ནི་གཞིས་ཁུལ་རྙིང་པ་ཞིག་ཡིན་ཞིང་། གཅིག་བསྡུས་སྒྱུར་བཀོད་བྱས་རྗེས་རྣམ་པ་གཞན་དང་མི་འདྲ་བ་ཞིག་ཏུ་གྱུར་ཡོད།  ན་ནིང་ལོ་སར་གྱི་སྔ་རོལ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲང་ཨན་གཞིས་ཁུལ་དུ་ཕེབས་ནས་ཚང་མར་ལོ་སར་གྱི་སྨོན་འདུན་ཞུས། ཁོང་གིས་ལོ་སར་ཡག་པོ་ཞིག་རོལ་བ་ཡིས་ལོ་གསར་པའི་འགོ་ཡག་པོ་བརྩམས་པ་མཚོན་ལ། ཁྱིམ་ཚང་རེ་རེས་སྐྱིད་ལ་རོལ་ཞིང་རྒན་གཞོན་ཚང་མ་བདེ་སྐྱིད་ལྡན་རྒྱུ་ནི་མི་ཡུལ་གྱི་མཛེས་ལྗོངས་ཤིག་རེད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་མཛེས་ལྗོངས་འདི་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱ་དགོས། མི་ཡུལ་གྱི་མཛེས་ལྗོངས་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱས་ཏེ། སྡེ་ཁུལ་གྱིས“རྒན་པ་དང་བྱིས་པའི”ལྟ་སྐྱོང་ལ་དམིགས་ནས་ཞབས་ཞུ་ཡག་པོ་སྒྲུབ་དགོས་པ་བསྟན། 2025ལོར། རྒན་པའི་ཟ་ཁང་རིམ་སྤོར་བྱས་པ་དང་། དམངས་ཕན་ཚོགས་ཆེན་དང་། རྒན་པའི་སྐྱེས་སྐར་ཚོགས་འདུ། ཁྲང་ཨན་གློག་བརྙན་ཉིན་མོ་སོགས་ཁྱད་ལྡན་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ། མིག་སྔར། མཁར་སྡེ་ཡིས་སྡོད་དམངས་ཀྱི་དགོས་མཁོར་དམིགས་ནས་གསར་སྤེལ་བྱས་པའི་སྤྲོ་སྣང་གི་རིགས་དང་སྤྱི་ཚོགས་ལག་ལེན་རིགས་ཀྱི་སློབ་ཚན35ཡོད།

ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཁྲང་ཨན་སྲང་ལམ་ཁྲང་ཨན་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཚའོ་ཞུའེ་ཡིས་བཤད་རྒྱུར། 2026ལོར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི“དམངས་ཕན། དམངས་ཁེ། དམངས་བདེ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། “རྒན་པ་གཅིག་དང་བྱིས་པ་གཅིག”གི་ཞབས་ཞུའི་འབྲེལ་ཐག་མུ་མཐུད་དུ་རྒྱུན་བསྲིངས་ཏེ།  ང་ཚོའི་སྡོད་དམངས་ཀྱི་སྡོད་ཁང་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་བྱ་དགོས་པ་དང་། ཁོ་ཚོའི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ནས། སྡོད་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཆེ་རུ་གཏོང་དགོས།

ཉིན་འགའི་རིང་། ནང་སོག་ཞི་ལིན་ཧའོ་ཐེ་དམངས་གཅེས་སྡེ་ཁུལ་གྱིས་ལོ་སར་གྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་བ་དང་། སྡོད་དམངས་རྣམས་ལྷན་དུ་འཛོམས་ནས་དགའ་སྤྲོའི་དཔལ་ལ་རོལ།  2014ལོའི་ལོ་སར་གྱི་སྔ་རོལ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་ཕེབས་ནས་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པར་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྟབས་བདེ་ཡོང་བར་བྱས་ཏེ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་དགོས་པའི་མངགས་བཅོལ་གནང་།

ནང་སོག་ཞི་ལིན་ཧའོ་ཐེ་གྲོང་ཁྱེར་ཁྲུའུ་ཀུའུ་ལན་སྲང་ལམ་དམངས་གཅེས་སྡེ་ཁུལ་གྱི་སྡོད་དམངས་ཀའོ་རུང་ཧྭ་ཡིས་བཤད་རྒྱུར། 2014ལོའི་ལོ་སར་ཐོན་ལ་ཉེ་བའི་སྐབས་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྡེ་ཁུལ་དུ་ཕེབས་ནས་ཚང་མར་འཚམས་འདྲི་གནང་བ་དང་། ད་རུང་ཚང་མས་དུས་ཆེན་ཇི་ལྟར་རོལ་རྒྱུ་ཡིན་པའི་ཐད་སེམས་ཁུར་གནང་བས། སྐབས་དེའི་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག ད་ལྟ། རྒྱལ་ཁབ་ཀྱི་སྲིད་ཇུས་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་། ང་ཚོ་རྒན་པ་རྣམས་ཀྱི་ལས་འཁྱུར་ངལ་གསོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཏེ། ལོ་རྒས་ཀྱང་སྤྲོ་སྣང་སྔར་བས་ཆེ་རུ་ཕྱིན། 

ཉེ་བའི་ལོ་འགའི་རིང་། དམངས་གཅེས་སྡེ་ཁུལ་ལ་གཅིག་འཐུས་རྣམ་པའི་ཞབས་ཞུའི་སྒེའུ་ཁུང་ཡོད་པར་བྱས་ཏེ། སྤྱི་ཚོགས་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། ལས་ཞུགས་སོགས་ཀྱི་རིགས78ཁྱིམ་གྱི་སྒོ་མདུན་དུ་སྒྲུབ་ཐུབ་པར་བྱས། རྒན་གསོའི་ཞབས་ཞུའི་ས་ཚིགས་ཡོད་ཚེ་རྒན་པ་རྣམས་ཀྱི་ཉིན་རེའི་ལྟ་རྟོག་དང་བདེ་ཐང་ལྟ་ཞིབ་ཚད་ལེན་ཚང་མར་འགན་སྲུང་ཡོད་པ་དང་། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཡོད་ཚེ། སྨན་སྤྱོད་མཛུབ་སྟོན་དང་སྒོ་རྩར་བཅར་འདྲིར་སྐྱོད་སྐབས་སེམས་ཁྲལ་བྱེད་མི་དགོས། ད་དུང་རིག་གནས་བྱེད་སྒོ་ཁང་དང་། དཔེ་མཛོད་ཁང་། གཞོན་ནུ་ལོ་ཆུང་གི་ཁྱིམ་གཞིས་སོགས་ཀྱང་ཡོད།

ནང་སོག་ཞི་ལིན་ཧའོ་ཐེ་གྲོང་ཁྱེར་ཁྲུའུ་ཀུའུ་ལན་སྲང་ལམ་དམངས་གཅེས་སྡེ་ཁུལ་གྱི་སྡོད་དམངས་ཀྲིན་ཧྥུན་ལུང་གིས་བཤད་རྒྱུར། ད་སྐབས་སྔོ་ཚལ་ཉོ་བ་དང་། སྨན་པར་བསྟེན་པ། ལས་དོན་སྒྲུབ་པ་སོགས་གོམ་པ་ཁ་ཤས་སྤོས་ན་ཐག་གཅོད་བྱེད་ཐུབ་པས་སྟབས་ཇེ་བདེ་རུ་ཕྱིན་པ་དང་། ཁོར་ཡུག་ཀྱང་ཇེ་བཟང་ནས་ཇེ་བཟང་ཡིན་པས།  ང་ཚོར་དྲོད་ཁོལ་བསྩལ་བྱུང་ལ། ལས་དོན་འདི་དག་ཚང་མ་ང་ཚོའི་སེམས་ཀྱི་གཏིང་རིམ་དུ་བཞག་ཡོད།

2025ལོའི་ལོ་མཇུག་བར། ནང་སོག་ཏུ་རིམ་རྩིས་བྱས་ན་སྐར་མ་བཅོ་ལྔའི་ལམ་ཐག་གི་དམངས་ཕན་འཚོ་བའི་ཁུལ254བསྐྲུན་པ་དང་། སྡེ་ཁུལ534ལ་ཁེབས་ཤིང་། སྡོད་དམངས་ས་ཡ་དྲུག་དང་བདུན་ཁྲི་ལས་བརྒལ་ཡོད། ད་ལོར། ནང་སོག་གིས་ཁྱབ་རྒྱ་ཇེ་ཆེ་དང་ལས་རྣམ་རིམ་སྤོར། རིག་ནུས་ནུས་འདོན་སོགས་ཀྱི་ཕྱོགས་བསྡུས་བྱ་ཐབས་སྤྱད་ཅིང་། དམངས་ཕན་འཚོ་བའི་མུ་ཕྲེང་དེ་རྨང་གཞིའི་འགན་སྲུང་བྱེད་པ་ནས་སྤུས་ཚད་མཐོ་རུ་གཏོང་བར་མཆོང་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྡེ་ཁུལ་དེ་སྡོད་དམངས་ཀྱི་བདེ་སྐྱིད་ལྡན་པའི་གྲུ་ཁ་རུ་འགྱུར་བར་བྱས། 

ནང་སོག་ཞི་ལིན་ཧའོ་ཐེ་གྲོང་ཁྱེར་ཁྲུའུ་ཀུའུ་ལན་སྲང་ལམ་དོན་གཅོད་ཁྲུའུ་ཡི་ལས་བྱེད་མི་སྣ་ཡིའུ་ཝུན་དབྱང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་མི་དམངས་སེམས་ཀྱི་ཆེས་མཐོ་བའི་གོ་གནས་སུ་འཇོག་དགོས་པའི་མངགས་བཅོལ་གནང་བས། ལོ་གསར་པའི་ནང་། ང་ཚོས་མང་ཚོགས་ཀྱི་དགོས་མཁོ་ཁོང་དུ་ཡང་དག་ཆུད་པ་དང་། ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་རེ་རེ་བཞིན་ལེགས་པོར་བསྒྲུབ་ནས། མཉམ་སྡོད་མཉམ་སྦྱོང་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་སྡེ་ཁུལ་ཁོར་ཡུག་ཧུར་ཐག་གིས་བསྐྲུན་ཏེ། ཚང་མའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན། 

ལོ་སར་ཐོན་ལ་ཉེ་བ་དང་བསྟུན་ནས་འབྲི་ཆུའི་ལྷོ་བྱང་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པས་ཁེངས། ཧོ་པེ་ཀྲང་པེ་རྫོང་ཏེ་ཧྲེང་སྡེ་བ་རུ།  ཁྲེན་ལི་ཀྲུའུ་རྒན་རྒོན་གཉིས་ཀ་ཧྥུའུ་ཡིག་དང་སྒེའུ་ཁུང་ལ་མེ་ཏོག་སྦྱར་བའི་ལས་ལ་བྲེལ་བཞིན་ཡོད། འདས་པའི་ལོ་གཅིག་གི་ནང་། ཁོའི་དམངས་ཤག་གི་ཚོང་ལས་དར་ཞིང་།  རྣམ་གྲངས་དེ་ཁོ་ནར་ཡོང་འབབ་སྒོར་ཁྲི་བཞི་ཙམ་ཡོད།  2017ལོའི་ལོ་སར་ཐོན་ལ་ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོ་ཚོའི་སྡེ་བར་ཕེབས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་། སྤྱི་ཁྱབ་ཧྲུའུ་ཅིས་དབུལ་སྐྱོར་གསར་སྤེལ་དང་། དེང་རབས་ཞིང་ལས་འཕེལ་རྒྱས། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཞིང་པ་ཕྱུག་འགྱུར་དང་། ཞིང་ལས་སྟོབས་ལྡན། གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། ཏེ་ཧྲེང་སྡེ་བས་ཞོག་ཁོག་དང་འོད་བརྟེན་སོགས་ཁྱད་ལྡན་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་བས། དབུལ་ཕོངས་ལས་ཐར་བ་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་སྡེ་བ་རུ་གྱུར་ཡོད་ལ། ཁྲེན་ལི་ཀྲུའུ་ཡང་དེ་སྔའི་དབུལ་ཁྱིམ་ནས་ད་ལྟའི་ཕྱུག་འགྱུར་སྣེ་ཁྲིད་པ་རུ་གྱུར་ཡོད།

ཧོ་པེ་ཞིང་ཆེན་ཀྲང་པེ་རྫོང་ཞའོ་ཨེར་ཐའེ་གྲོང་རྡལ་ཏེ་ཧྲེང་སྡེ་བའི་སྡེ་མི་ཁྲེན་ལི་ཀྲུའུ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་སྡེ་བ་འདིར་ཕེབས་ནས་སྡེ་མི་རྣམས་ལ་གཟིགས་སྐོར་གནང་བས། སྐབས་དེར་ང་ཚོར་སེམས་འགུལ་ཆེན་པོ་ཐེབས། སྤྱི་ཁྱབ་ཧྲུའུ་ཅིའི་སྐུལ་ལྕག་འོག  སྡེ་མི་ཡོངས་ལ་ངར་ཤུགས་ཀྱིས་ཁེངས་ཡོད། ཁྱོད་ཀྱིས་ལྟོས་དང་། ད་ལྟ་ང་ཚོའི་སྡེ་བར་འགྱུར་ལྡོག་ཧ་ཅང་ཆེ་ལ། ཚང་མ་ཉིས་ཐོག་ཅན་གྱི་ཁང་པར་བསྡད་ཡོད་པ་དང་། སྡེ་བའི་ནང་གི་ལམ་ཚང་མ་ཨར་འདམ་གྱི་ལམ་ཡིན་པར་མ་ཟད། སྡེ་བར་འཕྲོད་བསྟེན་ཁང་དང་རྒན་གསོ་ཁང་ཡོད་པས། ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད།

2025ལོར། ཏེ་ཧྲེང་སྡེ་བས་རང་འབབ་ཆུ་བོའི་གཙང་བཟོའི་སྒྲིག་ཆས་རིམ་སྤོར་བྱས་པ་དང་། ལམ་སྒྲོན་གསར་པ་སྒྲིག་སྦྱོར་བྱས་ལ། སྡེ་བའི་ཐུན་མོང་ཡོང་འབབ་སྒོར་ས་ཡ་ལས་བརྒལ། མེ་ཕོ་རྟ་ལོའི་ལོ་སར་བསུ་ཆེད། སྡེ་མི་ཚོས་འཁར་རྔ་བརྡུང་ཞིང་། དབྱང་ཀོ་ཞབས་བྲོ་འཁྲབ་ནས་ལོ་སར་གྱི་སྨོན་འདུན་ཞུས། “ལོ་ལྔའི་འཆར་འགོད་བཅོ་ལྔ”འགོ་ཚུགས་པའི་ལོར།  ཧོ་པེ་ཡིས་ནུས་ཤུགས་ཡོད་རྒུས་ཞིང་ཆེན་རིམ་པའི་འཆམ་མཛེས་གྲོང་གསེབ་གཙོ་གནད་ཁུལ་བསྐྲུན་པ་དང་། མི་སྡོད་ཁོར་ཡུག་བཅོས་སྒྲིག་མཐོར་འདེགས་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སྒོས་ཁ་གསབ་བཅས་བྱས་ནས། སྡེ་བ་སྔར་བས་བདེ་སྡོད་དང་མཛེས་སྡུག་ལྡན་པར་འགྱུར་བར་བྱ་རྒྱུ་རེད། 

ཧོ་པེ་ཞིང་ཆེན་ཀྲང་པེ་རྫོང་ཞའོ་ཨེར་ཐའེ་གྲོང་རྡལ་ཏེ་ཧྲེང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞུས་ཡ་རུའུ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་མཁོ་སེམས་སུ་འཛིན་དགོས། ད་ལོར་ང་ཚོས་ཞོག་ཁོག་གི་ཐོན་ལས་མུ་ཕྲེང་ཡོངས་དང་། ཞིང་འོད་ཕན་ཚུན་ཁ་གསབ་བྱེད་པའི་ལས་གཞི། རིག་གནས་ཡུལ་སྐོར་ཁམས་གསོའི་ཐོན་ལས་བཅས་ལེགས་པར་བསྒྲུབ་དགོས་པ་དང་། སྣ་མང་ཅན་གྱི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དམངས་འཚོའི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་སྟེ། མང་ཚོགས་ཀྱི་འཚོ་བར་ལོ་རེར་འགྱུར་ལྡོག་གསར་པ་ཡོད་དུ་འཇུག་རྒྱུ་ཡིན། 

“ཁྱིམ་ཚང”ཚང་མས་བདེ་སྐྱིད་འཚོ་བ་རོལ་ན། ཀྲུང་གོའི་ཁྱིམ་གཞི་ཆེན་པོ་འདིའི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་བ་ཡིན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་འབུམ་གཉིས་དང་ཁྲི་བཞི་ལྷག་སྒྱུར་བཀོད་བྱས་ནས། ཁྱིམ་ཚང་སྟོང་བཞི་ལྷག་དང་མི་དུང་ཕྱུར་གཅིག་བྱེ་བ་གཅིག་ལ་ཕན་བདེ་བསྐྲུན་ཞིང་། རྒན་གསོ་དང་བུ་བཅོལ་སོགས་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་ཁྲི་དྲུག་དང་སྟོང་བཞི་འཕར་སྣོན་བྱས་ཡོད། ཞིང་སྡེ་ཡི་གཙང་སྦྲའི་སྤྱོད་ཁང་ཁྱབ་ཚད་བརྒྱ་ཆའི་དོན་བདུན་ཡས་མས་སུ་སླེབས་པ་དང་། ཆུ་དང་གློག ལམ། སོལ་རླངས། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་ཡོད་ལ།  སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་ཇེ་མཐོར་སོང་ཡོད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།