སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་འཐབ་ལམ་གསར་བར་ཞིང་སྡེ་ལ་སྔར་ལས་འོད་སྟོང་འབར་བའི་མདུན་ལམ་ལྡན་པ་ཁོ་ཐག་ཡིན་ལ། ཞིང་པའི་འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་ངེས་ཞེས་བསྟན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ལུགས་རྙིང་ལོ་སར་གྱི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཐེངས་མང་པོར་གྲོང་གསེབ་ཏུ་ཕེབས་ནས། རྒྱ་ཆེའི་ཞིང་པ་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། ཚང་མ་དང་མཉམ་དུ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ཇུས་ཇུས་འགོད་གནང་སྟེ། ཀྲུང་གོའི་ས་གཞི་ཆེན་པོའི་རི་གྲོང་ལ་འཕོ་འགྱུར་ཆེན་པོ་འབྱུང་བར་སྣེ་ཁྲིད་མཛད། དེ་རིང་གི་ཕྲེང་བསྟར་གསར་འགྱུར《བརྩེ་སེམས་ཀྱིས་ཕྱུག་པའི་ཀྲུང་གོའི་ལོ་གསར》ཞེས་པ་ལས《བདེ་སྡོད་ལས་བརྩོན་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་ཀྱི་དཔེ་རིས་གསར་པ་འབྲི》ཞེས་པར་ཅིག་བལྟ།
ཅང་ཞི་ཅིན་ཀང་རི་བོའི་ཧྲེན་ཧྲན་སྡེ་བ་ནི་ལུའོ་ཞའོ་རི་རྒྱུད་ཀྱི་ཕུགས་སུ་ཆགས་ལ། 2016ལོའི་ལུགས་རྙིང་ལོ་སར་གྱི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲེན་ཧྲན་སྡེ་བར་ཕེབས་ནས་ཡུལ་མི་སྤུན་ཟླ་རྣམས་ལ་འཚམས་འདྲི་གནང་བ་དང་། སྐབས་དེའི་དབུལ་ཕོངས་ཁྱིང་ཚང་ཕེང་ཞ་དབྱིང་ཚང་དུ། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོར་ཡོང་འབབ་གཏོང་སྒོའི་རྩིས་བརྒྱབ་པ་དང་། ཁོ་ཚང་གི་ལོ་ཏོག་ཅི་ཞིག་འདེབས་པ་དང་སྒོ་ཕྱུགས་དང་ཁྱིམ་བྱ་ཅི་ཞིག་གསོ་བ། ཟས་གོས་འགྲོ་འདུག་ཐད་ནས་ད་དུང་དཀའ་ངལ་དང་དགོས་མཁོ་ཅི་ཞིག་ཡོད་པར་རྒྱུས་ལོན་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཡུལ་མི་སྤུན་ཟླ་རྣམས་ལ་ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་པ་དང་། མུ་མཐུད་དུ་གཞིས་ཁུལ་རྙིང་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཇེ་བཟང་དུ་གཏོང་རྒྱུ་ཡིན་ཞེས་གསུངས། ལོ་དེའི་ལུགས་རྙིང་ལོ་སར་གྱི་རྗེས་སུ། ཕེང་ཞ་དབྱིང་གིས་ཧྲེན་ཧྲན་སྡེ་བའི་ཞིང་པའི་སྤྲོ་སྐྱིད་ཁང་དང་པོ་བསྒྲུབས། ད་ལྟ། མོ་ཚང་གི་ཞིང་པའི་སྤྲོ་སྐྱིད་ཁང་དུ་འགྲུལ་ཁང18ཡོད་པའི་དམངས་སྲོལ་མགྲོན་ཁང་དུ་གྱུར་ནས། ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་འབུམ་གཅིག་ལ་སླེབས་ཡོད།
ཅང་ཞི་ཅིང་ཀང་རི་བོ་གྲོང་ཁྱེར་མའོ་ཕིང་གྲོང་རྡལ་ཧྲེན་ཧྲན་སྡེ་བའི་སྡེ་མི ་ཕེང་ཞ་དབྱིང་གིས་བཤད་རྒྱུར། ཏང་དང་སྲིད་གཞུང་གིས་རོགས་སྐྱོར་འོག ད་ལྟ་ང་ཚོས་རང་ཁྱིམ་གྱི་སྒོ་འགྲམ་ནས་ཡུལ་སྐོར་གྱི་ཁེ་ཕན་རེག་ཐུབ་པ་དང་། ང་ཚོས་སེམས་གཏིང་ནས་ཏང་གི་སྲིད་ཇུས་བཟང་པོར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ཧྲེང་ཧྲན་སྡེ་བ་ཧྲིལ་བོས་ཡུལ་བབ་དང་བསྟུན་ནས། ཇ་ལོ་དང་སྨྱུག་མ་སོགས་ཁྱད་ལྡན་ཐོན་ལས་གོང་འཕེལ་བཏང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་སྐྱོང་བྱས། སྡེ་མིའི་ལོ་རེའི་མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་འབབ་ལོ་བཅུའི་སྔོན་གྱི་སྒོར2300ནས་ད་ལྟའི་སྒོར་ཁྲི་གསུམ་དང་སྟོང་དྲུག་ལ་འཕར་ཡོད།
ཅང་ཞི་ཅིང་ཀང་རི་བོ་གྲོང་ཁྱེར་མའོ་ཕིང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཞུང་པིན་གྱིས་བཤད་རྒྱུར། ལོ་བཅུའི་རིང་། ཧྲེན་ཧྲན་སྡེ་བས་རི་ཁུལ་དེ་ལྗོངས་ཁུལ་དུ་བསྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྙན་པའི་གྲགས་པ་ཕྱི་རུ་མཆེད་པར་བྱས་ཏེ། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཟེར།
གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་ན་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་གནད་འགག་ཡིན། ཉིན་འདི་དག་གི་རིང་། སི་ཁྲོན་ ཀྲའོ་ཅུའེ་རྫོང་སན་ཧོ་སྡེ་བ་རུ་ཡོད་པའི་སན་ཧོའི་དབྱིས་རིགས་ཀྱི་ཐོན་རྫས་ཀྱི་རིག་གནས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་རུ་བྲེལ་མྱུར་གྱི་རྣམ་པ་མངོན་ཞིང་། སྡེ་མི་ཚོས་མངགས་ཐོ་ཁག་གཅིག་བཟོ་བཞིན་པའི་སྒང་རེད། 2018ལོའི་ལུགས་རྙིང་ལོ་སར་གྱི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སན་ཧོ་སྡེ་བར་ཕེབས་ནས་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་མཛད། སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་གི་ལམ་བུའི་སྟེང་མི་རིགས་གང་རུང་ཞིག་དང་ཁྱིམ་ཚང་གང་ཡང་བརྗེད་མི་རུང་ཞེས་གསུངས། ལོ་འདི་དག་རིང་། སན་ཧོ་སྡེ་བས་ཁྱད་ལྡན་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད། ད་རུང་རང་སྡེ་བའི་མགྲོན་ཁང་དང་དམངས་སྲོལ་རིག་གནས་ཁྲོམ་སྲང་འཛུགས་སྐྲུན་བྱས། ད་ལྟ། སྡེ་བའི་རིག་གནས་ཐོན་ལས་མཐའ་འཁོར་གྱི་སྡེ་བ9ལ་ཁྱབ་པ་དང་། མི300ལྷག་ལས་ཞུགས་ཐད་སྐུལ་ཁྲིད་བྱས།
སི་ཁྲོན་ལེའང་ཧྲན་ཀྲའོ་ཅུའེ་རྫོང་སན་ཧོ་སྡེ་བའི་སྡེ་མི་ལུའོ་ཀུའུ་ཚེ་ཧའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་དབྱིས་རིགས་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་དང་། ལོ་འདི་དག་ལ་ང་ཚོ་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་ངེད་ཚང་ལ་ཞིང་ཁོ་ན་ལས་འདེབས་རྒྱུ་མེད། ད་ལྟ་ངས་སྡེ་བའི་བཟོ་གྲྭར་ལས་ཀ་བྱས་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཉིས་ལྷག་བཙལ་ཐུབ། ལོ་གསར་པའི་ནང་ངས་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་ཆེད་སྔར་ལས་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ལེའང་ཧྲན་གྱིས་དེང་རབས་ཞིང་ལས་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་བསྐྲུན་ནས། “ལེའང་ཧྲན་རི་བོའི”ཁུལ་ཁོངས་སྤུས་རྟགས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལོ་གཅིག་གི་ཐོན་ཐང་སྒོར་ཐེར་ཆེན་གཉིས་ཐེར་འབུམ་གཅིག་ལ་སླེབས། དེ་དང་མཉམ་དུ་བདེ་སྡོད་ལས་བརྩོན་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ185འཛུགས་སྐྲུན་བྱས།
སི་ཁྲོན་ལེང་ཧྲན་ཀྲའོ་ཅུའེ་རྫོང་སན་ཧོ་སྡེ་བའི་ཧྲུའུ་ཅི་དང་པོ་ལིའུ་གོ་ཧྥུའུ་ ཡིས་བཤད་རྒྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ“དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི”ལས་འགན་ལྕི་མོ་འདི་ཕྲག་ཏུ་འཁུར་ཡོད། ང་ཚོས་རྒྱུན་མཐུད་ངང་ཐོན་ལས་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ན་གཞོན་དེ་བས་མང་པོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལས་ཞུགས་བྱེད་པར་ནང་འགུག་བྱས་ཏེ། ཧུར་ཐག་གིས་སན་ཧོ་སྡེ་བ་དེ་དུས་རབས་གསར་པའི་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་ཏུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།
ད་ལོའི་ལོ་གསར་ལ། ཧྲན་ཤིས་ལིན་ཧྥུན་སིན་ཉན་གྲོང་རྡལ་ཏོན་སྡེ་བ་རུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། སྡེ་མི་ཚོས་རྔ་སྦུག་མཉམ་དཀྲོལ་ཀྱིས་ལོ་གསར་བར་རྟེན་འབྲེལ་ཞུས།
2022ལོའི་དཔྱིད་གསར་དུས་ཆེན་གྱི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ ཏོན་སྡེ་བར་རྟོག་ཞིབ་ཏུ་ཕེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་མི་ཚོར་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། མང་ཚོགས་ཀྱི་འཚོ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་སུ་འཇུག་དགོས་ཞེས་གསུང་། ཉེ་བའི་ལོ་ཤས་རིང་། ཏོན་སྡེ་བས་འོད་རྟེན་དང་ནོར་ལུག་གསོ་སྤེལ་སོགས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བར་རེ་བ་ཆེན་པོ་ལྡན་པར་བྱས།
ཧྲན་ཞི་ལིན་ཧྥུན་སེན་ཉན་གྲོང་རྡལ་ཏོན་སྡེ་བའི་སྡེ་མི། ཚའེ་ཝུན་མིང་གིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ་ང་ཚོའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད། སྡེ་བའི་གཞུང་ལམ་ཚང་མ་ཨར་འདམ་ལམ་ཡིན། ཁྱིམ་ཚང་དུ་རང་འབབ་ཆུ་འཐེན་ཡོད་ལ། རྒན་པ་རྣམས་ལ་ཟ་མ་ཟ་བ་དང་མིག་མངས་རྩེ་བ། ལུས་སྦྱོང་བཅས་བྱེད་སའང་ཡོད་པས། ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་སྐྱིད་རེད་ཟེར།
རིམ་པ་རྗེས་མར། སྡེ་བས་ད་དུང་མཐོ་རིམ་སློབ་གྲྭ་དང་མཉམ་ལས་བྱ་རྒྱུའི་འཆར་གཞི་ཡོད། གསོ་སྤེལ་ར་བའི་ཁུལ་དུ་རིག་ལྡན་གསོ་སྤེལ་མ་ལག་སྒྲིག་སྦྱོར་བྱས་ནས་ཚན་རིག་དང་མཐུན་པའི་གསོ་སྤེལ་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་དགོས། ད་ལོ་ཧྲན་ཞིས་ཀྱིས་ལས་སྟེགས་བསྐྲུན་པ་དང་མུ་ཕྲེང་ཁ་གསབ། ཟོང་རྟགས་གཏོད་པ་བཅས་བརྒྱུད་སླར་ཡང་སྤུས་ལེགས་དཔེ་སྟོན་སྡེ་བ300ཡན་བསྐྲུན་རྒྱུ་ཡིན།
ཧྲན་ཞི་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་ཐིང་ཀྲང་གཞོན་པ། ཀའོ་ཡའོ་ཏུང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞིར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྣ་མང་ཅན་གྱི་འཕེལ་རྒྱས་འོས་འཚམ་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ། ཞིང་པའི་འཚོ་བ་སྔར་ལས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པར་བྱ་དགོས་ཟེར།
མི་རིགས་བསྐྱར་དར་ཡོང་དགོས་ན། གྲོང་གསེབ་ངེས་པར་དུ་དར་སྤེལ་གཏོང་དགོས། 2025ལོར་རང་རྒྱལ་གྱིས་འབྲུ་རིགས་ཐོན་སྐྱེད་ཐད་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ལྷད་མེད་ཟས་རིགས་དང་སྐྱེ་ལྡན་ཐོན་རྫས། གྲགས་ཅན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གསར་པ། ས་གནས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་ཞིང་ལས་ཐོན་རྫས་བཅས་ཀྱི་བསྡོམས་འབོར་བརྒྱར་ཁྲི་བརྒྱད་སྟོང་ལས་བརྒལ་ཡོད། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་དང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་ནས། འདུག་སྡོད་དང་ལས་སྐྲུན་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་རིམ་གྱིས་བསྐྲུན།