ལོ་སར་གྱི་གུང་གསེང་རིང་། རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རར་འདུ་འཛི་ཡིས་ཁེངས། ལས་རྣམ་གསར་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཐོན་པ་དང་ཁྲོམ་རའི་གསོན་ཤུགས་མགྱོགས་མྱུར་སྒོས་འཕེལ་ནས་ཀྲུང་གོའི་དཔལ་འབྱོར་ལ་སྒུལ་ཤུགས་ཆེན་པོ་བསྩལ།
ལོ་སར་གྱི་གུང་གསེང་རིང་ས་གནས་སོ་སོའི་ཚོང་ལས་རྣམ་པ་གསར་སྒྱུར་བྱས་ནས་རིག་གནས་ཀྱི་ལོ་སར་གྱི་རྣམ་པ་དང་མྱོང་ཚོར་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། ཅང་སུའུ་ནན་ཅིང་གི“ཅིན་ལིང་སྤྲོ་དགའ་གླིང”གིས་རྣམ་པ་གསར་བའི་འགྲེམས་སྟོན་བྱས་པས་འཛད་སྤྱོད་པའི་ཡིད་དབང་འཕྲོག་ཡོད། ཕུའུ་ཅན་ཀྲང་ཀྲོའུ་ཡི་ཚོང་ལས་དཔལ་འབྱོར་ལ་གསོན་ཤུགས་རྒྱས། གུང་གསེང་གི་ཉིན་སྔོན་མ་གསུམ་གྱི་ནང་དུ་ཚོང་དོན་པུས་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་རྐང་ཐང་ཁྲོམ་གཞུང་ཚོང་ཚོམས78ཀྱི་འགྲུལ་རྒྱུན་དང་ཚོང་གཉེར་ཡོང་འབབ་ན་ནིང་གི་དུས་མཉམ་ལས4.5%དང4.8%འཕར་ཡོད་པ་རེད། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་བསྟུད་མར་འཕར་ཞིང་། གུང་གསེང་གི་ཉིན་སྔོན་མ་གསུམ་ལ་ལས་སྟེགས་གཙོ་བོའི་བོགས་གཏོང་རླངས་འཁོར་གྱི་མངགས་ཐོའི་གྲངས་འབོར26%འཕར་བ་དང་ལྷོ་བྱང་བར་བརྒལ་བའི་མངགས་ཐོའི་གྲངས་འབོར196%འཕར་ཡོད། “གློག་བརྙན་དང་ཐོན་ལས་སྣ་ཚོགས་ཟུང་འབྲེལ་གྱི་རྣམ་པ”ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ“གློག་བརྙན་རོལ་རྩེད་དང་ལས་སྒོ་ཧྲིལ་པོའི་འཛད་སྤྱོད”མཉམ་འདྲེས་གཏིང་ཟབ་ཀྱི་རྣམ་པ་བསྐྲུན། རྙིང་ཚབ་གསར་བརྗེ་བྱས་ནས་འཛད་སྤྱོད་དགོས་མཁོ་སྔར་བས་ཆེ་རུ་བཏང་། ཟླ2པའི་ཚེས19ཉིན་བར། 2026ལོར་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱས་ནས་མི་ཐེངས་བྱེ་བ་གཉིས་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་བརྒྱད་ལ་ཕན་ཐོགས་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་དགུ་ཐེར་འབུམ་བརྒྱད་བྱེ་བ་གཉིས་སྐུལ་ཁྲིད་བྱས། དེའི་ནང་རླངས་འཁོར་འབུམ་དྲུག་ཁྲི་གཅིག་སྟོང་གཉིས་རྙིང་ཚབ་གསར་བརྗེ་བྱས་པ་དང་རླངས་འཁོར་གསར་པའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲག་ཁྲིག་གཅིག་དུང་ཕྱུར་ལྔ་བྱེ་བ་གསུམ་སྐུལ་ཁྲིད་བྱས་ཡོད། ཧའེ་ནན་གླིང་ཕྲན་དང་བྲལ་བའི་ཁྲལ་མེད་འཛད་སྤྱོད་བྱེད་ཚད་རྒྱུན་ཆད་མེད་པར་འཕར་ཡོད། གུང་གསེང་གི་ཉིན་སྔོན་མ་བཞི་ལ་ཧའེ་ནན་གླིང་ཕྲན་ནས་བྲལ་ཏེ་ཁྲལ་མེད་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་དགུ་བྱེ་བ་བདུན་ཟིན་ནས་15.8%འཕར།
འཛད་སྤྱོད་པ་ཀྲང་ཕིན་གྱིས་བཤད་རྒྱུར། ང་ཚོ་ཞི་ཨན་ནས་ཡོང་བ་ཡིན། ལོ་རེའི་ལོ་སར་སྐབས་སུ་ཡོང་བ་ཡིན། ད་ལོར་ལོ་སྔོན་མ་དག་དང་སྡུར་ན་མི་ཧ་ཅང་མང་བའི་ཚོར་བ་ཞིག་འདུག་ཟེར།
སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་ཀྱི་གསོན་ཤུགས་མགྱོགས་མྱུར་སྒོས་འཕེལ་བར་སྐུལ་ཁྲིད་བྱེད་དགོས། ལོ་སར་གྱི་གུང་གསེང་སྐབས་སུ། ས་གནས་སོ་སོས“ལོ་སར་ལ་དགའ་བའི་ཉོ་ཚོང་རྒྱག”ཅེས་པའི་དཔྱིད་གསར་དུས་ཆེན་གྱི་དམིགས་བསལ་བྱེད་སྒོ་སྤེལ་བར་མ་དངུལ་སྒོར་ཐེར་འབུམ་གཉིས་བྱེ་བ་ལྔ་བཀོད་སྒྲིག་བྱས་ཡོད། འཛད་སྤྱོད་བྱང་བུ་དང་ཁ་གསབ་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་རྒྱ་ཆེའི་འཛད་སྤྱོད་པར་ཐད་ཀར་ཕན་ཁེ་བསྐྲུན། ལོ་སར་སྐབས་སུ་འཛད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ།