ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་བརྟན་སྲུང་དང་ལས་རེས་ལས་སྲུང་། ཤོག་སྦག་ཁྱབ་ཁོངས་བཅས་ཀྱི་བདེ་འཇགས་འགོག་སྲུང་སོགས་བྱ་བར་བཀོད་གཏོང་དང་ཞིབ་བཤེར་བྱས་ཤིང་། ལས་གནས་བརྟན་སྲུང་བྱེད་བཞིན་པའི་ཏང་ཡོན་ལས་བྱེད་པ་དང་སྤྱི་བདེ་ལས་སྒྲུབ་ཉེན་རྟོག་པར་ལོ་སར་གྱི་འཚམས་འདྲི་ཞུས། ལུའོ་ཏུང་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུགས་རྙིང་ལོ་སར་སྐབས་ཀྱི་དམངས་འཚོ་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། འགན་འཁྲི་ནན་མོར་འཁུར་བ་དང་ལུགས་རྙིང་ལོ་སར་སྐབས་ཀྱི་ལས་དོན་ཁག་སོ་སོ་སྔར་ལས་ཞིབ་ཚགས་ཀྱིས་སྒྲུབ་ནས། མང་ཚོགས་སྤྲོ་སྐྱིད་འཆམ་མཐུན་ངང་ལོ་སར་ལ་རོལ་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་སྤྱི་བདེ་ཐིང་དུ། ལུའོ་ཏུང་ཁྲོན་གྱིས་བརྙན་ལམ་ནས་ཟི་ལིང་གྲོང་ཁྱེར་དང་ཐུན་རིན་གྲོང་ཁྱེར། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་སྤྱི་བདེ་ཅུས་དང་ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་གདང་ལ་རི་བོའི་མངག་གཏོང་ཁང་བཅས་ལ་བརྙན་ལམ་སྦྲེལ་ཏེ། ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་བརྟན་སྲུང་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཁྱིམ་མི་ལྷན་འཛོམས་གྱི་དུས་སྐབས་གལ་ཆེན་འདིར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་སྒྲུབ་ཉེན་རྟོག་པས་སྔར་བཞིན་ལས་ཡུལ་དང་པོར་བདེ་འཇགས་བརྟན་སྲུང་བྱེད་པར་འབད་འབུངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་སྲུང་སྐྱོང་བྱ་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ཚང་མས་བློ་དཀར་གྱིས་འགན་འཁྲི་སྒྲུབ་པ་དང་དངོས་སྒྲུབ་ཁག་ཁུར་བྱས་ཏེ། ལས་རེས་ལས་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། སྤྱི་ཚོགས་ངོས་ཐད་ཀྱི་སྤྱིའི་འགོག་སྲུང་ནུས་ཚད་ཆེ་རུ་གཏོང་བ། འགལ་བ་དང་འགོག་རྐྱེན་གྱི་འབྱུང་རྩ་མེད་པར་བཟོ་བ་དམ་འཛིན་བྱས་ནས། སེམས་ཤུགས་གཉིས་བཀོལ་གྱིས་སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་འཇགས་སྲུང་སྐྱོང་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་ལྷན་འཛོམས་ཀྱི་དགོད་སྒྲར་སྲུང་སྐྱོབ་བྱེད་དགོས།
ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་སྤྱི་ཁྱབ་རུ་ཁག་ཏུ། ལུའོ་ཏུང་ཁྲོན་གྱིས་ལོ་སར་སྐྱེལ་འདྲེན་དུས་གྱི་ཉེན་ཁར་ཞིབ་བརྡར་དང་འགན་སྲུང་བྱེད་ཐབས། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་ནན་ཏན་གྱིས་ཉན་རྗེས་བསྟན་དོན། ལོ་སར་དུས་ཀྱི་སྐྱེལ་འདྲེན་ནི་ཁྱིམ་ཚང་ཁྲི་ཕྲག་མང་པོའི་བདེ་སྐྱིད་ལྷན་འཛོམས་དང་འབྲེལ་བས་དུས་ནམ་ཡང་བདེ་འཇགས་ཀྱི་རྩ་བ་དམ་པོར་སྲུང་དགོས་ལ། འགྲིམ་འགྲུལ་གནས་ཚུལ་གྱི་ལྟ་ཞིབ་སྔོན་བརྡའི་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། གནད་འཁེལ་བཀོད་གཏོང་དང་ལམ་ངོས་ཚོད་འཛིན་ཤུགས་ཇེ་དྲག་ཏུ་གཏོང་དགོས་ལ། ཐལ་དྲགས་གནམ་གཤིས་དང་ཐོལ་བྱུང་གནས་ཚུལ་འཕྲལ་མར་ཐག་གཅོད་ཀྱི་གྲ་སྒྲིག་བྱ་བ་ཡག་པོར་སྒྲུབ་པ་དང་། འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ། ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འགོག་མཚམས་བརྟན་པོར་སྲུང་དགོས།
ཞིང་ཆེན་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་དུ། ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་གཙོ་བོར་བརྙན་ལམ་སྦྲེལ་ཏེ། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཁོ་འདོན་འགན་སྲུང་དང་རིན་གོང་བརྟན་པོ། རིག་གནས་ཡུལ་སྐོར་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་བྱས་ལ། བདེ་འཇགས་ཐོན་སྐྱེད་དང་ལྷག་པར་ཤོག་སྦགས་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་སྲུང་བྱ་བར་ཆེད་དོན་བཀོད་གཏོང་བྱས། ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ད་ལོའི་ལོ་སར་གྱི་གུང་གསེང་ཅུང་རིང་ཞིང་མིའི་འགྲོ་འོང་ཅུང་ཆེ་ལ། བྱེད་སྒོ་སྣ་མང་གཅིག་ཏུ་འདུས་པས་ཉེན་ཁའང་ཅུང་ཆེ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྐད་ཅིག་ཙམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲི་ཁུར་སེམས་དང་གཅིག་འདོམས་མཐུན་སྦྱོར་གྱིས་དངོས་འབེབས་དམ་འཛིན་བྱེད་པའི་ལག་བསྟར་ནུས་ཤུགས་ལ་བརྟེན་ནས། དུས་ཆེན་སྐབས་ཀྱི་ལས་དོན་ཁག་སོ་སོ་ཏན་ཏིག་གིས་སྒྲུབ་དགོས། ལོ་སར་གུང་གསེང་ཚར་ལ་ཉེ་དུས་མི་དང་རླངས་འཁོར་འགྲོ་འོང་གི་འགྱུར་ལྡོག་ཆོས་ཉིད་ལ་ཞིབ་བརྡར་དབྱེ་ཞིབ་ཟབ་མོ་བྱས་ཏེ། འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་བདེ་འཇགས་འགོག་སྡོམ་ཤུགས་དྲག་ཏུ་གཏོང་བ་དང་། མང་ཚོགས་ཀྱི་བདེ་འཇགས་དང་འགྲོ་ལམ་གེགས་མེད། འགྲོ་འོང་སྟབས་བདེ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས། ཁྲོམ་རའི་འདོན་སྤྲོད་དང་ཞབས་ཞུའི་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དུས་ཆེན་གྱི་འཛད་སྤྱོད་ཁྲོམ་ར་སྤུས་འདེགས་ནུས་སྐྱེད་སྒོས་རིམ་སྤོར་བྱེད་པར་སྐུལ་འདེད་གང་ལེགས་གཏོང་དགོས། དུས་རིམ་ལྟར་དུས་ཚོད་བཀོད་སྒྲིག་དང་བྲེལ་གཡོལ་གྱི་བྱེད་ཐབས་སྤྱད་དེ། དགུན་དུས་དང་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤུས་འབྲས་མུ་མཐུད་མཐོར་འདེགས་གཏོང་དགོས། ཤོག་སྦག་ཐད་ཀྱི་གཏན་འགོག་ལྔ་དང་ངེས་པར་གསུམ་གྱི་བྱེད་ཐབས་ཁག་བརྒྱད་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། གསོག་ཉར་དང་སྐྱེལ་འདྲེན། ཕྱིར་འཚོང་དང་འགད་གཏོར་བཅས་ཀྱི་མུ་ཕྲེང་ཧྲིལ་བོའི་བདེ་འཇགས་འགོག་སྡོམ་ལ་ཤུགས་སྣོན་པ་དང་། གླེང་ཕྱོགས་ཁྲིད་སྟོན་དང་བདེ་འཇགས་དྲིལ་སྒྲོག་ཤུགས་དྲག་ཏུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་ཟོན་དང་། རང་བྱུང་གནོད་འཚེའི་ཉེན་ཁ་འགོག་སྡོམ་སོགས་བྱ་བ་དམ་འཛིན་ནན་མོ་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་རྐྱེན་ཞིབ་བཤེར་བཅོས་སྐྱོང་ཐད་ཤུགས་སྣོན་པ། དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་འགོག་ཟོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྲོ་དགའི་ངང་ལོ་སར་རོལ་བར་བདེ་འཇགས་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།
ལི་ཧུང་ཡཱ་དང་ཝང་ཧའེ་ཧུང་གཉིས་སོ་སོར་འབྲེལ་ཡོད་བྱེད་སྒོར་ཞུགས།