ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ལོ་སར་ལ་སྤྲོ་སྣང་བསྩལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་ཤེས་རིག་གི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅིས་ལོ་རེའི་ལོ་གསར་གྱི་སྔ་རྗེས་སུ་རྟོག་ཞིབ་གནང་སྐབས་རིག་གནས་ཁྲོམ་ཁུལ་དང་མི་རིགས་གྲོང་སྡེ། ལོ་རྒྱུས་གནའ་ཤུལ་སོགས་སུ་ཐེངས་མང་ཕེབས་ཏེ། ཚང་མ་དང་མཉམ་དུ་ལོ་གསར་གྱི་རྣམ་པ་མཉམ་སྤྱོད་དང་སྲུང་སྐྱོང་རྒྱུན་འཛིན་མཉམ་གླེང་བྱས། ཕྲེང་བསྟར་གསར་འགྱུར《བརྩེ་སེམས་ཀྱིས་ཕྱུག་པའི་ཀྲུང་གོའི་ལོ་གསར》ཞེས་པ་ལས《ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ལོ་སར་ལ་སྤྲོ་སྣང་བསྩལ། 》ཞེས་པར་ཅིག་བལྟ།

དཔྱིད་གསར་དུས་ཆེན་གྱི་སྐབས་སུ། ཐེན་ཅིན་གནའ་བོའི་རིག་གནས་ཁྲོམ་གཞུང་བཅས་སུ་ལྒང་ཞུ་བཀལ་ཡོད་ལ། རིང་ཚད་ལ་སྨི600ལྷག་ཡོད་པའི་ཁྲོམ་གཞུང་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཟོང་རྟགས30ལྷག་འདུས་ཡོད་པ་དང་ངོ་མཚར་བའི་དམངས་སྲོལ་འཁྲབ་སྟོན་གྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད།

2024ལོའི་ལོ་གསར་གྱི་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདིར་ཕེབས་ཏེ། དངོས་སུ་ཁྱད་ལྡན་ཚོང་ཁང་དུ་བསྐྱོད་དེ་ཚང་མ་དང་མཉམ་མྱོང་བརྗེ་རེས་གནང་། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་ཁ་འབྲལ་ཐབས་མེད་ལ། ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོའི་འཛུགས་སྐྲུན་ཁྲོད་དེ་དག་ལ་བཀྲག་མདངས་འཚེར་བར་བྱེད་དགོས་ཞེས་བསྟན།

སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཐེན་ཅིན་གྱིས་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་ཁྱེར་གྲགས་ཅན་དང་། ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་། གསར་བརྗེའི་ཐོན་ཁུངས་སོགས་སྲུང་སྐྱོང་བྱ་ཡུལ་སྣ་ཚོགས་ཚུད་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་མ་ལག་མུ་མཐུད་དུ་བསྐྲུན་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ཁག་དབྱེ་ནས་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་དང་ལོ་རྒྱུས་ཀྱི་ཉམས་འགྱུར་ལྡན་པའི་བཟོ་བཀོད900ཙམ་གཏན་འཁེལ་བྱས་པ་དང་ཆབས་ཅིག རིག་གནས་དང་ཡུལ་སྐོར་ཚོང་པ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། ཉེ་བའི་ལོ་གཉིས་རིང་། གནའ་བོའི་རིག་གནས་ཁྲོམ་གཞུང་གིས་སྲིད་ཇུས་བསྒྲགས་ཏེ་གཟུགས་འདས་ཤུལ་བཞག་རིག་གནས་དང་ཚོང་ཁང་རྙིང་པ་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ད་དུང་བེད་མེད་བར་སྟོང་སྔོག་འདོན་ཧུར་ཐག་བྱས་ཏེ་འཛད་སྤྱོད་རྣམ་པ་གསར་པ་གཏོད་པར་རྒྱབ་སྐྱོར་བྱས།

ཐེན་ཅིན་ནན་ཁའེ་ཆུ་གནའ་བོའི་རིག་གནས་ཁྲོམ་གཞུང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྲི་མིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་དེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། ང་ཚོས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་མུ་མཐུད་ནས་འབད་བརྩོན་བྱ་རྒྱུ་ཡིན། རེ་སེམས་ཞིབ་མོས་མི་ཆོས་རིག་གནས་འཛོམས་ཤིང་། ཡུལ་སྐོར་དང་ལས་རིགས། སྡོད་གནས་བཅས་ལ་འཚམ་པའི་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་བསྐྲུན་རྒྱུ། ཡུལ་སྐོར་བ་དང་གྲོང་མིར་གནས་འདིའི་ཀྲུང་གོའི་རིག་གནས་ཉམས་ལེན་དང་ཀྲུང་གོའི་རིག་གནས་ཤེས་རྟོགས་ཐུབ་པ་བྱེད་དགོས་ཟེར།

ཀུའེ་ཀྲོའུ་པི་ཅེ་ཧྭ་ཝུའུ་སྡེ་བ་ནི་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཡིན་ལ། གྲོང་ཚོའི་ལོ་གཅིག་ལ་ཐེངས་རེར་འཚོགས་བཞིན་པའི“གྲོང་ཚོའི་དགོང་ཚོགས”འཁྲབ་སྟོན་བྱས། 2021ལོའི་ལོ་གསར་གྱི་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྭ་ཝུའུ་སྡེ་བར་ཕེབས་ནས་ཁྱད་ལྡན་མེའོ་རིགས་ཀྱི་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད། ཁོང་གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་ཐོན་རྫས་ད་གཟོད་འཛམ་གླིང་ལ་ཁྱབ་ཐུབ་ཅེས་གསུང་པ་རེད། ཁྱད་ཆོས་ལྡན་པའི་མོའོ་རིགས་འཚེམ་དྲུབ་ནི་སྲོལ་རྒྱུན་ཡིན་ལ་དར་སྲོལ་ཡང་ཡིན། རིག་གནས་ཡིན་ལ་ཐོན་ལས་ཀྱང་ཡིན། མོའོ་རིགས་འཚེམ་དྲུབ་ཚུད་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས། དབྱང་ཝུན་ལི་ནི་སྡེ་བའི་མོའོ་རིགས་ཀྱི་འཚེམ་དྲུབ་ཀྱི་རྒྱུན་འཛིན་པ་ཡིན། སྐབས་དེར་ཁོ་མོས་སྤྱི་ཁྱབ་ཧྲུའུ་ཅིར་སྡེ་བའི་མོའོ་རིགས་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད།

ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་གྲོང་ཁྱེར་ཧྭ་ཝུའུ་སྡེ་བའི་སྡེ་མི་དབྱང་ཝུན་ལིས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་མོའོ་རིགས་འཚེམ་དྲུབ་ལ་བསྔགས་བརྗོད་གནང་བ་དང་། ང་ཚོ་ལའང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོས་སྔོན་ཐོན་གྱི་གྲངས་འཛིན་ཅན་གྱི་སྒྲིག་ཆས་ལ་བརྟེན་ནས་མོའོ་རིགས་འཚེམ་དྲུབ་ལག་རྩལ་དང་གྲངས་འཛིན་ཅན་གྱི་ལག་རྩལ་གསར་གཏོད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཅངས་པའི་རེ་སྒུག་ཆུད་ཟོས་སུ་མི་གཏོང་ཁོ་ཐག་ཡིན་ཟེར།

དབྱང་ཝུན་ལི་དང་གྲོང་ཚོའི་ནང་གི་འཚེམ་དྲུབ་སྐྱེས་མ60ལྷག་གིས་ཐུན་མོང་ཐོག་མོའོ་རིགས་འཚེམ་དྲུབ་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་བཙུགས་ནས་ཐོན་རྫས་རིམ་བཞིན་དྲི་ཞིམ་ཁུག་མ་དང་། འཚེམ་དྲུབ་ལྭ་བ། རིག་གནས་གསར་གཏོད་ཐོན་རྫས་སོགས་སྣ་ཁ100ལྷག་བར་རྒྱ་ཆེར་བཏང་ཡོད། འདས་ཟིན་པའི་ལོ་གཅིག་ནང་ཧྭ་ཝུའུ་སྡེ་བའི་མོའོ་རིགས་འཚེམ་དྲུབ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ས་ཡ་གསུམ་ལས་བརྒལ་ཡོད།

ཉེ་བའི་ལོ་ཤས་རིང་ཀུའེ་ཀྲོའུ་ཡིས་མགྱོགས་མྱུར་སྒོས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསོན་ཉམས་ལྡན་པའི་རྒྱུན་འཛིན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་སྐྱེད་སྲིང་བྱས་པ་དང་འབྲེལ་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ལ་བརྟེན་ནས“སྡེ་བའི་རིམ་འདས་རྐང་གྲུག་འགྲན་བསྡུར”དང“སྡེ་བའི་རིམ་འདས་གཟེབ་གྲུག་འགྲན་བསྡུར”སོགས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་རྣམ་གྲངས་སྐོར་ཞིག་བཏོན།

ཀུའེ་ཀྲོའུ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ཞིང་སྡེ་སྤྱི་ཚོགས་ལས་དོན་སྐུལ་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧུའུ་ཧྲུའེ་ཡིས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ལས་དང་རིག་གནས། ལུས་རྩལ། ཡུལ་སྐོར་བཅས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། རིག་གནས་ཀྱིས་ཐོན་ལས་ཐད་ནུས་པ་འདོན་པ་དང་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་སྣ་མང་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་སྐྲུན་དགོས་ཟེར།

ཀུན་གྱིས་དཔྱིད་གསར་དུས་ཆེན་ལ་རོལ་ཞིང་ལྒང་ཞུའི་ཚོན་མདངས་རྣམ་པར་བཀྲ། ཧྲའན་ཞི་རུ། དཔྱིད་གསར་དུས་ཆེན་གྱི་སྒྲོན་ཚོགས་ཀྱི་འོད་སྣང་ཞི་ཨན་མཁར་གྱང་སྟེང་འཚེར་ཞིང་། ད་ལོའི་སྒྲོན་ཚོགས་ཀྱིས་ལྒང་ཞུ་དང་རིག་དངོས་ཀྱི་བཟོ་དབྱིབས་གཉིས་ཟུང་འབྲེལ་བྱས་ཏེ་གྲོང་མི་དང་ཡུལ་སྐོར་བས་ཡིད་དབང་བཀུག་ནས་པར་རྒྱག་པར་བྲེལ།

ཧུའུ་ནན་གྱི་ཡུལ་སྐོར་བ་སྐུ་ཞབས་ཕིན་ལགས་ཀྱིས་བཤད་རྒྱུར། ངོ་མ་ངོ་མཚར་ཆེ་གི་ཡ། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་སྣང་ཚུལ་ཡང་ཧ་ཅང་བཟང་བ་དང་། རྒྱལ་རབས་བཅུ་གསུམ་གྱི་རྒྱལ་སའི་རིག་གནས་ཀྱི་ཉམས་འགྱུར་ཉམས་ལེན་བྱེད་ཐུབ་ཟེར།

2015ལོའི་ལུགས་རྙིང་ལོ་སར་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁར་གྱང་སྟེང་འཛེགས་ནས་ཞི་ཨན་གྱི་མཁར་གྱང་སྲུང་སྐྱོབ་བྱ་བའི་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་། མཁར་གྱང་སྲུང་སྐྱོབ་གནས་ཚུལ་ལ་གཟིགས། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གཅིག་བསྡུས་བྱས་པའི་རིག་དངོས་སྲུང་སྐྱོབ་ཡག་པོ་དང་དོ་དམ་ཡག་པོ་བྱེད་པ་དང་། དེ་དང་མཉམ་དུ་ཞིབ་འཇུག་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་དགོས་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། ཞི་ཨན་གྱིས་ཚན་རྩལ་གྱིས་རིག་དངོས་སྲུང་སྐྱོབ་ཐད་ཀྱི་ནུས་ཤུགས་འདོན་ཚད་བསྟུད་མར་ཆེ་རུ་བཏང་བ་དང་། ལི་སྨི་རིམ་པ་དང་ཞིབ་ཚད་མཐོ་བའི་ཞི་ཨན་མཁར་གྱང་གི་ཁོངས་ཡོངས་གཞི་གྲངས་དཔེ་དབྱིབས་བཙུགས་ནས། མཁར་གྱང་སྲུང་སྐྱོབ་ཐད་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས་པ་མ་ཟད། གྲངས་འཛིན་ལག་རྩལ་སྤྱད་དེ་རིག་ལྡན་ཡུལ་སྐོར་གྱི་ཉམས་ལེན་བར་སྟོང་གསར་པ་བསྐྲུན། 2025ལོར་ཞི་ཨན་གྱིས་མཁར་གྱང་ལ་ལྟ་བར་ཡོང་བའི་ཡུལ་སྐོར་བ་མི་ཐེངས་ས་ཡ་བདུན་ལྷག་སྣེ་ལེན་བྱས།

ཧྲའན་ཞི་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཀྲེང་ཞའོ་ཡན་གྱིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། སྲུང་སྐྱོབ་ཁྲོད་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་སྲོག་རྩ་རྒྱུན་འཛིན་བྱེད་པ་དང་། ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ཐད་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།

རིག་གནས་ལ་བརྟེན་ནས་བསམ་པའི་ཁྱིམ་གཞིས་སྐྱོང་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རང་རྒྱལ་གྱིས་གྲོང་ཁྱེར70ལྷག་ཏུ་ལོ་རྒྱུས་བཟོ་བཀོད་སྲུང་སྐྱོབ་དང་བེད་སྤྱོད་ཚོད་ལྟ་བྱས་པ་དང་། ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང58དང་ཁྲོམ་གཞུང་རྙིང་པ10རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་དུ་གྱུར། མིག་སྔའི་བར། རྒྱལ་ཡོངས་སུ་བསྡོམས་པས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན140ལྷག་ཡོད་པ་དང་། ལོ་རྒྱུས་རིག་གནས་ཁྲོམ་ཁུལ1300ལྷག་ཡོད་ལ། ལོ་རྒྱུས་བཟོ་བཀོད་ཁྲི་དྲུག་སྟོང་བརྒྱད་དགུ་བརྒྱ་ཡོད་ལ། དེ་དག་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མ་ལག་རྒྱུན་འཛིན་བྱེད་པའི་ཕྱོགས་བསྡུས་གཞི་འཛིན་ས་གྲུབ་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།