སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཇ་མར་ཚྭ་བུལ་དང་། ཟས་ཐུན་གསུམ། དུས་ཚིགས་བཞི་ལ། “ཁྱིམ་ཆུང”རེ་རེ་སྤྲོ་སྐྱིད་ཀྱིས་ཁེངས་ཤིང་། ཀྲུང་གོའི“ཁྱིམ་ཆེན”ཡར་ངོའི་ཟླ་ལྟར་འཕེལ་སྲིད། རྟ་ལོའི་ལུགས་རྙིང་ལོ་སར་སྐབས་སུ། མི་རྣམས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ཁྲོད་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུ་བ་དང་བདེ་སྐྱིད་ལོ་སར་ལ་རོལ་བ་དང་། ཀྲུང་གོའི་ས་གཞི་ཆེན་པོའི་ལོ་སར་གྱི་རྣམ་པ་ཁྲི་སྟོང་མང་པོ་བདེན་དཔང་བྱས་ནས་རླབས་ཆེན་གྱི་མེས་རྒྱལ་ལ་སྨོན་འདུན་ཞུས།
ས་གཞི་ཆེན་མོར་མཛེས་རྒྱན་སྤྲས་པ་དང་ཀྲུང་གོའི་ལོ་སར་བརྩེ་བས་ཁེངས། གྲོང་ཁྱེར་དང་གྲོང་གསེབ་ཏུ་ལྒང་ཞུའི་ཚོན་མདངས་བཀྲ་བ་དང་། བཀྲ་ཤིས་འཆམ་མཐུན་ཡིན་ལ། ཁྱིམ་ཚང་རེ་རེས་ལོ་གསར་བ་བསུས་ནས་སྤྲོ་སྣང་གིས་ཁེངས། སྙན་འཇེབས་ལྡན་པའི་རྔ་སྒྲའི་ཁྲོད་དུ། ངོ་མཚར་ཆེ་བའི་འཁྲབ་སྟོན་ཁྲོད་མི་རྣམས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་འབུལ་བ་དང་མཛེས་སྡུག་ལྡན་པའི་བསམ་འདུན་མཚོན་པར་བྱས། ལྷན་འཛོམས་ཀྱི་དུས་སྐབས་སུ“ཁྱིམ་ཆུང”རེ་རེ་སྤྲོ་སྐྱིད་ཀྱིས་ཁེངས་ཏེ་མེས་རྒྱལ་གྱི“ཁྱིམ་ཆེན”ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་མངོན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་རེ་རེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་ཕེབས་ནས་བདེ་སྡུག་འདྲི་བ་དང་སེམས་གཏམ་ཉན་ནས། ཚང་མར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ལུགས་རྙིང་ལོ་སར་གྱི་སྤྲོ་སྣང་ལོངས་སུ་སྤྱོད་པར་བྱས། ད་ལོའི་ལུགས་རྙིང་ལོ་སར་སྔུན་དུ་སྤྱི་ཁྱབ་ཧྲུའུ་ཅི་པེ་ཅིན་ལུང་ཧྥུ་དགོན་པའི་ཁྲོམ་གཞུང་དུ་ཕེབས་ཏེ། ཚང་མ་དང་མཉམ་དུ་ཐབ་ལྷ་མཆོད་པའི་ཉིན་མོ་རོལ་ནས་ལོ་སར་བསུས། སྤྱི་ཁྱབ་ཧྲུའུ་ཅིས་གསུངས་རྒྱུར། ལོ་སར་ནི་འབངས་མི་སེར་ལ་མཚོན་ན་དོན་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམངས་འཚོ་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ནན་མོ་བྱས་ཏེ། རྒྱ་ཆེའི་མང་ཚོགས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་སར་སྐྱིད་པོ་རོལ་ཐུབ་པར་འགན་སྲུང་བྱེད་དགོས།
ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུ་རྒྱུ་དང་། རྒྱལ་ཡོངས་མི་རིགས་སོ་སོ་མི་དམངས་ཀྱིས་རྟ་ལོར་སྙིང་སྟོབས་ཆེར་བསྐྱེད་དང་། གཟུགས་པོ་བདེ་ཐང་། བྱ་གཞག་ལེགས་འགྲུབ། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་སྨོན་འདུན་ཞུས་པ་དང་ཆབས་ཅིག ང་ཚོའི་རླབས་ཆེ་བའི་མེས་རྒྱལ་གྱི་རི་ཀླུང་མཛེས་སྡུག་ལྡན་ཞིང་ཆར་ཆུ་དུས་སུ་འབབ་པ་དང་། དར་རྒྱས་གོང་འཕེལ་ཡོང་བ། རྒྱལ་ཁབ་དར་ཞིང་འབངས་རྣམས་བདེ་བའི་སྨོན་འདུན་ཞུ།
སྤྱི་ཁྱབ་ཧྲུའུ་ཅིའི་སྨོན་འདུན་དྲོད་ཁོལ་ལྡན་པ་དང་མི་སེམས་སུ་ཟུག་ནས། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་བ་བཅངས་ནས་མི་དམངས་དུང་ཕྱུར་མང་པོའི་རྒྱལ་ཁབ་ཀྱི་འབད་འབུངས་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
ཁྱིམ་ཚང་ཁྲི་སྟོང་གི་གློག་སྒྲོན་བཀར་བའི་སྐབས། རྟ་མཆོག་བང་གིས་རྒྱུག་ནས་དཔྱིད་དཔལ་བསྐྱལ། གནམ་གང་དགོང་མོར་ས་གནས་སོ་སོའི་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་ཚོན་མདངས་རྣམ་པར་བཀྲ་བའི་དུས་ཆེན་གྱི་རི་མོ་ཞིག་བྲིས། སི་ཁྲོན་ཁྲེང་ཏུའུ་མཐོ་གསར་ཁུལ་གྱི་ཐེན་ཧྥུའུ་ཐོག་ཁང་ངོས་སུ་ལུགས་རྙིང་ལོ་སར་གྱི་བརྗོད་དོན་གཙོ་བོའི་གློག་འོད་འགྲེམས་སྟོན་བྱས་པ་དང་། སྲོལ་རྒྱུན་ལོ་སར་གྱི་གོམས་སྲོལ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ལག་རྩལ། དེང་རབས་ཀྱི་ཚན་རྩལ་བཅས་བརྒྱུད་རིམ་དུ་བྱས་ཏེ། གསར་གཏོད་ཀྱི་འོད་གྲིབ་མངོན། ཧོ་པེ་ཞིང་ཆེན་ཝེ་རྫོང་དུ། ཁྲོམ་གཞུང་ཆེ་ཆུང་དུ་གློག་སྒྲོན་དམར་པོ་བཀལ་བ་དང་། ཚོན་མདངས་རྣམ་པར་བཀྲ་བས། དམངས་སྲོལ་དང་དེང་རབས་མཉམ་འདྲེས་བྱས་ཏེ་བཀྲ་ཤིས་པའི་རྣམ་པ་མངོན། ཡུན་ནན་ལི་ཅང་གནའ་གྲོང་དུ། དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་ས་གནས་དེ་གའི་གྲོང་མིས་མེ་ཕུང་བསྐོར་ནས་གླུ་ལེན་གར་འཁྲབ་བྱས་ཏེ། འཇང་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི“འཁྲབ་སྟོན”གྱིས་དུས་ཆེན་དགའ་བས་རོལ། ཧེ་ལུང་ཅང་མུའུ་ཏན་ཅང་དུ། གངས་དང་ལྒང་ཞུ་དམར་པོ་ཕན་ཚུན་འོད་མདངས་འཕྲོ་བ་དང་། བྱང་ཤར་གྱི་ཞབས་བྲོ་དབྱང་ཀོ་ཁྲོམ་ལམ་བརྒྱུད་ནས་འཁྲབ་ཏེ། ལུགས་རྙིང་ལོ་སར་དགའ་སྤྲོའི་རྣམ་པས་ཁེངས། ཅི་ལིན་ཁྲང་ཁྲུན་དུ་ཤོག་སྦག་ཚོན་ཁྲ་ཅན་མཁའ་དབྱིངས་སུ་འཕྲོས་ཏེ། མེ་རྟ་ལོའི་ལུགས་རྙིང་ལོ་སར་གྱི་འགོ་ཚུགས་པ་དང་ཚང་མས་ཐུན་མོང་ཐོག་མེས་རྒྱལ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས།
ཡུལ་སྐོར་བ་མེང་ཧྥེ་ཡིས་བཤད་རྒྱུར། ཁྱིམ་ཆུང་ལྷན་འཛོམས་བྱུང་བ་དང་ཁྱིམ་ཆེན་བདེ་འཇགས་ཡིན་པ་དེ་ནི་ང་ཚོའི་ཆེས་བདེ་སྐྱིད་ལྡན་པའི་ཀྲུང་གོའི་ལོ་ཞིག་རེད། མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག
ཡུལ་སྐོར་བ་ཕ་ཡུལ་དུ་ལོག་པ་དང་། གཉེན་ཉེ་ལྷན་འཛོམས་བྱས་ཏེ། གནམ་གང་གི་དགུ་ཐུག་གིས་དྲན་གདུང་ཟབ་མོ་དང་སེམས་ཁྲལ་མཚོན་ཡོད། ཧྥུ་ཅན་ཀྲང་ཀྲིག་གི་ནན་ཅིང་ས་ཆའི་ཐོག་ཁང་ལ་ལོ་སར་གྱི་རྣམ་པ་ལྡན་པ་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་ལོ་ལོ་སར་རོལ་ཏེ་མ་འོངས་ལ་བདེ་སྐྱིད་ལྡན་པར་སྨོན་འདུན་ཞུ།
ཧྥུ་ཅན་ཀྲང་ཀྲིག་གི་གྲོང་མི་ལི་ཡོན་ཅུན་གྱིས་བཤད་རྒྱུར་ད་ལོ་ནི་རྟ་ལོ་ཡིན་ཞིང་། ང་ཚོས་མེ་ཕོ་རྟ་ལོ་འཛུམ་གྱིས་བསུས་ནས་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་བ་མཉམ་དུ་བསྐྲུན་དགོས།
འཆམ་མཛེས་ཀྲུང་གོའི་ལོ་སར་ལོ་རེ་ལས་ལོ་རེར་ལེགས། ཀུའེ་ཀྲོའུ་ལིས་ཕིན་དུ་དུས་ཆེན་སྐབས་ཀྱི་ཀྲའོ་ཞིན་ཏུང་གྲོང་སྡེ་ལ་འདུ་འཛིའི་ཁེངས། འདི་རུ“ཏུང་ཞང་གི་གྲོང་སྡེ་དང་པོ”ཞེས་འབོད་ཀྱི་ཡོད། སྒོ་རའི་ནང་ཅོག་ཙེ་བཅུ་ཕྲག་ཁ་ཤས་བསྒྲིགས་ནས་ཆེད་དུ་ཡུལ་སྐོར་བར་ལོ་སར་གནམ་གང་གི་དགུ་ཐུག་གྲ་སྒྲིག་བྱས་ཡོད། 2025ལོར་ཀྲའོ་ཞིན་ཏུང་གྲོང་སྡེ་ཡིས་ཡུལ་སྐོར་བ་མི་ཐེངས་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གཅིག་སྣེ་ལེན་བྱས་པ་དང་། གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་གསུམ་ལས་བརྒལ་ཡོད། གྲོང་མི་ལུའུ་ཡུང་མེ་ཚང་དུ་སྣ་ལྔའི་ཆང་འབྲས་དང་། བག་ལེབ། ཁུ་སྐྱུར་ཉ་ཤ་སོགས་ཀྱི་ཟ་མ་ཅོག་ཙེ་སྟེང་དུ་རེ་རེ་བཞིན་ཁྱེར་ཡོང་བ་དང་། ཁྱིམ་མི་ཚང་མ་ལྷན་འཛོམས་དང་ཁ་བརྡ་བྱེད་བཞིན་ཡོད་ལ། ལོ་གསར་བར་རེ་བས་ཁེངས་འདུག
ཀུའེ་ཀྲོའུ་ཞིང་ཆེན་ལིས་ཕིན་རྫོང་ཀྲའོ་ཞིན་ཏུང་གྲོང་སྡེའི་སྡེ་མི་ལུའུ་ཡུང་མེ་ཡིས་བཤད་རྒྱུར། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་སྡེར་རྟོག་ཞིབ་ཏུ་ཕེབས་ནས། ང་ཚོར་མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཛིན་ལེགས་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་ནན་གྱིས་གསུང་བ་རེད། འདས་ཟིན་པའི་ལོ་དེར་གྲོང་སྡེ་ཡིས་དམངས་སྲོལ་མགྲོན་ཁང་དང་། ཟ་ཁང་མི་ཉུང་བ་ཞིག་བཙུགས་ཡོད་པ་མ་ཟད། ད་དུང་ཡུལ་སྐོར་བའི་བརྙན་ལེན་ཁང་ཡང་ཡོད། རྟ་ལོར་སླེབས་སོང་། ང་ཚོའི་གྲོང་སྡེ་རྟ་མཆོག་བང་གིས་རྒྱུག་པ་བཞིན་ཡུལ་མི་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་འགྲོ་བའི་རེ་བ་བྱེད་བཞིན་ཡོད།
རྟ་མཆོག་བང་རྩལ་ཁྲོད་གནམ་ལོ་གསར་བ་བསུ། ལོ་སར་ཚེས་གཅིག་ཉིན་ཚོགས་མཆོད་ལ་འགྲོ་བ་དང་དམངས་སྲོལ་རོལ་བ། ཧི་ནན་ཀྲིན་ཀྲོའུ་ཡི་གཟུགས་འདས་ཤུལ་བཞག་གི་ཁྲོམ་ར་རུ་ཤིང་པར་གྱི་ལོ་སར་རི་མོ་དང་། མངར་ཆའི་རི་མོ་སོགས་ཉམས་ལེན་རྣམ་གྲངས་མདུན་དུ་ལྟད་མོ་བ་མང་པོ་འཛོམས་ཡོད་ལ། རྟ་ལོའི་མེ་ཏོག་རླངས་འཁོར་སྐོར་སྐྱོད་ཀྱིས་དུས་ཆེན་ལ་སྤྲོ་སྣང་མི་ཉུང་བ་ཞིག་བསྣན་ཡོད། ཀོང་ཏུང་ཧྲེན་ཀྲེན་དུ། མེ་ཏོག་སྲང་ལམ་དུ་བསྐྱོད་པ་དང་། མེ་ཏོག་ཁྲོམ་ར་རུ་ཉུལ་རྒྱུ་ནི་སྲོལ་རྒྱུན་གྱི་ལོ་སར་བྱེད་སྒོ་ཞིག་ཡིན་པ་དང་། ད་ལོའི་ལོ་སར་གྱི་མེ་ཏོག་འགྲེམ་སྟོན་དང་ལོ་སར་བསུ་བའི་མེ་ཏོག་ཁྲོམ་ར་གཉིས་མཉམ་དུ་བསྒྲུབས་ནས། གྲོང་མིར་ལྟད་མོར་ལྟ་རྒྱུ་ཡོད་པ་དང་། ཡུལ་སྐོར་བྱས་ཆོག་པ། ཉོ་སྒྲུབ་བྱས་ཆོག་པ་བཅས་ཀྱི་ལོ་སར་སྟོན་མོ་གཟབ་རྒྱས་ཤིག་བཤམས། སྲོལ་རྒྱུན་གྱི་དམངས་སྲོལ་སྲང་ལམ་དུ་ཡང་འུར་ཟིང་ཆེ་བའི་འཁྲབ་སྟོན་བྱེད་བཞིན་ཡོད། ཅང་སུའུ་ཡན་ཁྲེང་དུ། འབྲུག་རྩེད་དང་སེང་རྩེད། དབྱང་ཀོ་ཞབས་བྲོ་འཁྲབ་པ། སྐམ་གྲུའི་འཁྲབ་སྟོན་བཅས་ཀྱིས་ལྟད་མོ་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད་ལ། ཚང་མས་སྟངས་སྟབས་དང་བསྟུན་ནས་ཞབས་བྲོ་འཁྲབ་སྟེ། ཀྲུང་གོའི་ལོ་སར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཉམས་སུ་མྱོང་བཞིན་ཡོད། ཨན་ཧུའེ་ཡིང་ཧྲང་དུ། རུ་ཁག་གཉིས་སོ་སོར་རྫོང་མཁར་གྱི་ལྷོ་བྱང་ཕྱོགས་གཉིས་ནས་ལམ་ལ་ཆས་པ་དང་། ལམ་བར་དུ་སྲང་ལམ་ལ་སྐོར་ཞིབ་དང་འཁྲབ་སྟོན་བྱས་ལ། “ཡིང་ཧྲང་གི་རྔ་ཐོག་མེ་ཏོག”དང“ཡིང་ཧྲང་གི་འབྲུག་སྒྲོན”སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱིས་ཚོགས་ར་ཡོངས་ཧ་ལས་སུ་བཅུག
ཁྲུང་ཆིང་ལེའང་ཕིང་དུ། ས་གནས་ཀྱིས་ལོ་སར་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་སྐོར་སྐྱོད་དང་། འབྲུག་རྩེད་དང་སེང་རྩེད་སོགས་ཀྱིས་ཡུལ་དངོས་ལྟད་མོ་བའི་ཡིད་དབང་བཀུག
ཁྲུང་ཆིང་གི་གྲོང་མི་ལིའུ་ལུའུ་ཡིས་བཤད་རྒྱུར། སེང་རྩེད་དང་ཁྲོམ་སྐོར། ཚོན་ལྡན་གྲུ་གཟིངས་སོགས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་རེད། བག་ཆགས་ཆེས་ཟབ་པ་ནི་ལེའང་ཕིང་གི་ལོ་སར་རི་མོ་འབྲི་བ་དེ་ཡིན་པ་དང་། ཕ་ཡུལ་དུ་ལོ་སར་གྱི་རྣམ་པ་ཟབ་མོ་འདི་འདྲ་མྱོང་ཚོར་ཐུབ་པར་ཧ་ཅང་དགའ་ཡོད།
ལོ་སར་ཚེས་གཅིག་ཉིན། མཐོ་སར་འགོས་ནས་བཀྲ་ཤིས་སྨོན་འདུན་ཞུ། ཧྲན་ཏུང་ཐའེ་ཨན་དུ། ཡུལ་སྐོར་བ་རྣམས་རི་བོ་ཐའེ་ཧྲན་གྱི་ཡང་རྩེར་འགོས་ནས་། མེ་ཕོ་རྟ་ལོའི་རེས་སྐོར་དང་པོའི་ཉི་ཤར་གྱི་རྩེ་མོ་བསུས་པ་དང་། མཚམས་སྤྲིན་གྱིས་མཁའ་དབྱིངས་བརྒྱན་པའི་མཚར་སྡུག་གི་དུས་སྐབས་ལོངས་སུ་སྤྱད། ཧུའུ་ནན་ཧེང་དབྱང་དུ། ཡུལ་སྐོར་བ་ཚོ་ཧེང་ཧྲན་རི་བོའི་རི་བོ་ཡང་རྩེ་རུ་འཛོམས་ནས་ལོ་གསར་པའི་ནང་བྱ་བ་ཐམས་ཅད་ཇེ་རྒྱས་ཇེ་ལེགས་དང་རྣམ་པ་གསར་སྒྱུར་ཡོང་བར་སྨོན་ལན་འདེབས་བཞིན་ཡོད།
ཡུལ་སྐོར་བ་ལིའུ་སི་ན་ས་བཤད་རྒྱུར། ང་ཚོའི་ཁྱིམ་མི་ཚང་མ་མཐོ་སར་འཛེགས་ནས་ལོ་སར་བསུས་བ་ཡིན། ཁྱིམ་མི་ཚང་མ་བདེ་འཇགས་དང་བདེ་བླག་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་ལ། ང་ཚོའི་མེས་རྒྱལ་སྔར་ལས་སྟོབས་ཆེར་འགྲོ་བ་དང་། སྟོབས་འབྱོར་མངའ་ཐང་རྒྱས་པ། བསམ་དོན་ཡིད་བཞིན་འགྲུབ་པར་སྨོན་ལམ་འདེབས་བཞིན་ཡོད།
ཚེས17ཉིན། ཞང་ཀང་གི་ས་ཆ་མང་པོ་ནས་སེང་རྩེད་འཁྲབ་སྟོན་བྱས་པ་དང་། རྔ་དང་འཁར་རྔའི་སྒྲ་དང་བསྡོངས་ནས་ལོ་གསར་བ་བསུས། ཞང་ཀང་གི་གྲོང་མི་དང་ཡུལ་སྐོར་བས་དགའ་དགའ་སྤྲོ་སྤྲོའི་ངང་དུས་ཆེན་ལ་རྟེན་འབྲེལ་ཞུས།
ཚེས17ཉིན། ཨའོ་མོན་གྱིས“དགའ་སྤྲོའི་ལོ་སར་ཏེ། 2026ལོའི་དགའ་བའི་གླུ་དང་སྐྱིད་པའི་བྲོ་ལས་ལོ་སར་བསུ”ཞེས་པའི་སྡེ་ཁུལ་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་སྤེལ་བ་དང་། འབྲུག་རྩེད་དང་སེང་རྩེད་ལས་སྲང་ལམ་ཆེ་ཆུང་ཀུན་དུ་དགའ་སྤྲོའི་རྣམ་པས་ཁེངས།
རྟ་ཡི་ལོ་ལ་ཕྱོགས་ཀུན་སྲུང་། དམག་ཡོངས་ཀྱི་དཔོན་དམག་ཚོས་ལས་གནས་བརྟན་སྲུང་གིས་རླབས་ཆེན་མེས་རྒྱལ་དང་རྒྱལ་ཡོངས་མི་དམངས་ལ་ལོ་སར་གྱི་སྨོན་འདུན་བཟང་པོ་ཞུས།
བྱང་སྣེའི་སོ་ལྟ་ཁང་གི་དཔོན་དམག བྱང་སྣེའི་སོ་སྲུང་དམག་གིས་མེས་རྒྱལ་གྱི་ཆེས་བྱང་ཕྱོགས་ནས་རྒྱལ་ཡོངས་མི་དམངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས།
མཚོ་དམག་ཧྥུ་ཅན་དམག་གྲུའི་དཔོན་དམག ཧྥུ་ཅན་དམག་གྲུའི་དཔོན་དམག་ཡོངས་ཀྱིས་རྒྱལ་ཡོངས་མི་དམངས་ཀྱི་བྱ་གཞག་ཐམས་ཅད་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུས།