
ཟླ2པའི་ཚེས11ཉིན། ཞི་ཅིན་ཕིང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་དམངས་གཙོ་ཏང་ཁག་སོ་སོའི་མི་སྣ་དང་ལྷན་འཛོམས་གནང་།
ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་མེ་ཕོ་རྟ་ལོའི་ལུགས་རྙིང་ལོ་སར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཚེས11ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་ལྷན་འཛོམས་གནང་ནས། ལུགས་རྙིང་ལོ་སར་དུས་ཆེན་བསུས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ། དམངས་གཙོ་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་ཡོངས་ལ། ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཕུལ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་བཅས་ཚོགས་འདུར་ཞུགས།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་པོ་ཡུང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀྲོའུ་ཀྲུང་ཧོ། ཝང་མེ་ཞང་སོགས་གདན་ཞུས་ལྟར་ཞུགས། གདན་ཞུས་ལྟར་ཚོགས་འདུར་ཞུགས་མཁན་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ལིའང་ཀྲེན་དབྱིན། འགོ་ཁྲིད་ཀྱི་ལས་གནས་ནས་བུད་པའི་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ། ཀྲུའུ་ཞི་གཞོན་པ་དང་པོ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡོད།
ཧོ་ཝེ་ཡིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་བྱས་ནས་ཤིས་ཚིག་ཕུལ། ཁོས་བསྟན་དོན། 2025ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རླུང་འཚུབ་དྲག་པོའི་ཁྲོད་ནས་ཞུན་བརྡར་མདུན་སྐྱོད་དང་། འགག་སྒྲོལ་དཀའ་སེལ་ཁྲོད་ནས་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་། ལོ་གསར་པའི་ནང་། དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་གཏན་འབེབས་དང་ལག་བསྟར་བྱ་རྒྱུར་དམིགས་ནས། ཐབས་འདོན་ཇུས་འབུལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པར་འབད་པས་བྱས་རྗེས་འཇོག་དགོས།
ཧོ་ཝེ་ཡིས་ཡི་ཤིས་ཚིག་ལ་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས2025ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་མདུན་དུ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གོང་སྤེལ་གྱི་འཆར་འགོད་བཟོས། ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་རྗེས་དྲན་གཟབ་རྒྱས་ཞུས་ཏེ། ཐའེ་ཝན་ཚུར་ལེན་གྱི་རྗེས་དྲན་ཉིན་མོ་བཙུགས་པ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བ་དང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཐེག་མདུན་སྐྱོད་དང་། གསར་ལེགས་ཕྱོགས་སུ་འཕེལ་རྒྱས་བྱུང་། དམངས་འཚོ་འགན་སྲུང་ལ་མུ་མཐུད་དུ་ཤུགས་སྣོན་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་དང་། རིག་གནས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་ནས། མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། སྤྱོད་ཚུལ་ལེགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་བླངས། ལོ་ངོ་ལྔའི་རིང་གི་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུས་བ་དང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གོམ་སྟབས་བརྟན་པོ་སྤོས། གྲུབ་འབྲས་འདི་དག་ལས་སླ་མོར་ཐོབ་པ་ཞིག་མིན་ལ། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགྱུར་མེད་འགོ་ཁྲིད་བརྟན་པོའི་གྲུབ་འབྲས་དང་། དམངས་གཙོ་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་ལོ་གཅིག་ལ། ཏང་མང་མཉམ་ལས་ལས་དོན་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། སྒྲིག་ལམ་སྦྱོང་བ་དང་སྤྱོད་ལམ་ལེགས་བསྒྱུར། སྣང་བརྙན་བསྐྲུན་པ་ཅེས་ཀྱི་བརྗོད་དོན་སློབ་གསོ་ཏན་ཏིག་སྒོས་སྤེལ་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་གནད་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་བྱས་རྗེས་གསར་པ་བཞག རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་ཐང་གཉིས་ལ་ཡར་སྐུལ་བྱ་ཆེད་བྱ་བ་མང་པོ་བསྒྲུབས། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཚང་མར་སྙིང་ཉེ་བའི་བཀའ་དྲིན་ཆེ་ཞུས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་དྲུག་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་བ་འགོ་བརྩམས་པའི་ལོ་ཡིན། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པར་དམིགས་ནས་འགན་སྒྲུབ་ཧུར་ཐག་བྱས་ནས་བྱས་རྗེས་གསར་བ་འཇོག་དགོས། གཅིག་ནི་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་ནས་མཐུན་སྒྲིལ་འབད་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་ནས་སེམས་བསྐྱེད་བློ་སྦྱོང་དང་། ཀྲུང་གུང་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་མཐར་ཕྱིན་བྱས་ནས་མཐའ་གཅིག་ཏུ་ཀྲུང་གོ་གུང་ཁྲན་ཏང་དང་བསམ་ཚུལ་གཅིག་པ་དང་། ཕྱོགས་གཅིག་ཏུ་ལངས་པ། མཉམ་དུ་ལས་སྒྲུབ་བཅས་བྱ་དགོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣར་སྐུལ་ཁྲིད་བྱས་ནས་འཕེལ་རྒྱས་ཀྱི་ཡིད་རྟོན་ཇེ་དྲག་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་དགོས།
གཉིས་ནི་ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འཕེལ་རྒྱས་ལ་ཧུར་ཐག་སྒོས་བྱས་རྗེས་འཇོག་དགོས། རྟོག་ཞིབ་ཞིབ་འཇུག་ལ་ཤུགས་བསྣན་ནས་ཀྲུང་གུང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་ཇུས་ཆོད་ལ་སྔར་བས་དངོས་གཉེར་དང་ལས་ཕྱོད་ཆེ་བའི་གྲོས་གཞི་མཁོ་འདོན་བྱ་དགོས། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་གཙོའི་ལྟ་ཞིབ་བྱ་བ་རྩ་འཛུགས་བྱས་ནས་སྤེལ་དགོས། གསུམ་ནི་རང་ངོས་འཛུགས་སྐྲུན་ལ་དོན་དམ་པས་ཤུགས་བསྣན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་དང་སྲིད་ཞུགས་སྟོབས་ཤུགས་ཀྱི་རྣམ་པ་གསར་བ་སྔར་བས་ལེགས་པའི་སྒོ་ནས་མངོན་དགོས། འགོ་ཁྲིད་ཚན་ཆུང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཁོངས་མི་འཕེལ་རྒྱས་ཀྱི་སྤུས་ཚད་ལ་མཐོང་ཆེན་བྱ་དགོས། སྒྲིག་ལམ་སྤྱོད་ལམ་ནན་གྱིས་བསྐྱངས་ནས་ཆབ་སྲིད་སྐྱེ་ཁམས་ལེགས་པོ་བཏོད་དགོས། ཆབ་སྲིད་འབྲེལ་མཐུད་ཟབ་སྤེལ་བྱས་ནས་ཏང་མང་མཉམ་ལས་ཀྱི་ལས་དོན་གྱིས་གསོན་ཤུགས་སྲུང་འཛིན་བྱེད་པར་ཁག་ཐེག་བྱ་དགོས།
ལི་ཀན་ཅའེ་དང་། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བྱ་འགུལ་ལ་ཞུགས།