ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས། ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ2པའི་ཚེས11ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་།    འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།    གྲོས་ཚོགས་ལས་ནན་གྱིས་བསྟན་དོན།    ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་རྟོག་ཞིབ་དང་འཚམས་འདྲི་གནང་ཞིང་།     འགོ་རྩོམ་པའི་ལོའི་སྤྱི་ཡོངས་ལས་དོན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།     “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ལ་དམིགས་ནས།     འབྱུང་འགྱུར་ཐོན་ལས་དང་།     གསར་གཏོད་མཉམ་ལས།     གྲོང་ཁྱེར་ནང་རྒྱས་རྣམ་པའི་གོང་འཕེལ། འཛད་སྤྱོད་ཆེར་སྐྱེད་སོགས་གཙོ་གནད་ལ་དམིགས་ཏེ།   སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་པའི་ཐད་སྟོབས་སྐྱེད་ཐོད་བརྒལ་བྱེད་པ།     ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཐད་རང་འགུལ་གྱིས་བྱས་རྗེས་འཇོག་པ། གྲོང་ཁྱེར་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་འབད་བརྩོན་གང་ལེགས་བྱེད་པ།   འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་སྐུལ་སློང་བྱེད་པའི་ཐད་གནད་འཁེལ་ཇུས་བསྟར་བྱེད་པ།    ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་སྟོབས་ཤུགས་འདོན་པ་བཅས་ཀྱིས་ཡིད་ཆེས་བརྟན་པོ་དང་ངར་ཤུགས་ཆེན་པོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བྱ་བ་སོ་སོ་འགོ་ལེགས་པོ་རྩོམ་པར་འགན་ལེན་བྱེད་དགོས།    

གྲོས་ཚོགས་ལས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ།     དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལ་ལེགས་པོར་བསྐྱོད་ནས་གཞི་རིམ་དམ་འཛིན་བྱ་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་།     མཉམ་བཅོས་མཉམ་སྤྱོད་དམིགས་འབེན་དུ་བཟུང་སྟེ།     ཆབ་སྲིད་ཀྱི་ཁྲིད་སྟོན་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་།     གསར་དར་ཁྱབ་ཁོངས་ཀྱི་ཏང་གི་འཛུགས་སྐྲུན་མངོན་གསལ་དོད་པོས་དམ་འཛིན་བྱས་ཏེ།  ཏང་གི་རྩ་འཛུགས་ཁེབས་ཚད་དང་ལས་ཀའི་ཁེབས་ཚད་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས།   སྤྱི་ཚོགས་ཚོགས་པ་རིགས་སྣ་ཚོགས་ཀྱི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་དགོས།     གཞི་རིམ་གྱི་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་།     འགལ་བ་དང་རྩོད་གཞི་སེལ་བའི་བྱ་བ་དམ་འཛིན་ཏན་ཏིག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།    

གྲོས་ཚོགས་ལས《ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་འཆར་འགོད(2026-2030ལོ)》《ཀྲུང་གོའི་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བར་འགོ་ཁྲིད་བྱེད་པའི་སྲོལ་ཡིག》གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་།     ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དམ་འཛིན་བརྟན་པོ་བྱས་ཏེ།     “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་ཇུས་འགོད་ལེགས་པོ་བྱས་ཏེ།     ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་།     ཁྲིམས་བསྟར་ལ་འགན་ལེན།     ཁྲིམས་འཛིན་ལ་རྒྱབ་སྐྱོར།     སྣེ་ཁྲིད་དེ་ཁྲིམས་སྲུང་བཅས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས།     རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ནུས་པ་མཐོར་འདེགས་ནུས་ལྡན་བཏང་སྟེ།     ཞིང་ཆེན་ཡོངས་ཀྱི་བྱ་བ་སོ་སོ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་ཐུན་མོང་ཐོག་མཐོར་འདེགས་བཏང་ནས།     ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་པ་ནན་གྱིས་བསྟན།    

གྲོས་ཚོགས་ལས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི《སྡེ་བའི་སྐོར་དཔྱོད་བྱ་བར་ཤུགས་སྣོན་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ།     སྡེ་བའི་སྐོར་དཔྱོད་བྱ་བར་ཤུགས་སྣོན་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་།    ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ་དགོངས་དོན་གལ་ཆེན་དང་ལག་ལེན་གྱི་བླང་བྱ་དམ་འཛིན་གཏིང་ཟབ་དང་།     ལྟ་སྐུལ་གྱི་གཙོ་གནད་ཁ་གསལ་བཟོ་བ།     གཅིག་འདོམས་སྐུལ་འདེད་ལ་ཤུགས་སྣོན་པ།     དངོས་སྒྲུབ་བྱེད་ཐབས་འདོན་པ་བཅས་བྱས་ནས།    སྐོར་ཞིབ་དང་སྐོར་དཔྱོད་བྱ་བ་གཞི་གཅིག་ཏུ་ཇུས་འགོད་དང་།  གཞི་གཅིག་ཏུ་བཀོད་སྒྲིག གཞི་གཅིག་ཏུ་སྐུལ་འདེད་བཅས་བྱས་ནས། སྡེ་བའི་སྐོར་དཔྱོད་བྱ་བའི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་མཐོར་འདེགས་ཏན་ཏིག་གཏོང་དགོས་པ་ནན་གྱིས་བསྟན།      

གྲོས་ཚོགས་ལས་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལོ་གསར་སྐྱེལ་འདྲེན་བཀོད་གཏོང་དང་།  ཁྲོམ་རའི་ལྟ་སྐུལ་དོ་དམ། མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ། བདེ་འཇགས་ཐོན་སྐྱེད། དཀའ་ངལ་ཡོད་པའི་མང་ཚོགས་ལ་དོ་ཁུར།    གནོད་འགོག་གནོད་འཕྲི་རྒུད་སྐྱོབ་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་སྟེ། ལས་རེས་ལས་སྲུང་དང་འཕྲལ་བསྟུན་ཐག་གཅོད་ལ་ཤུགས་བསྣན་ནས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱས་ནས་མང་ཚོགས་ཀྱིས་བདེ་འཇགས་སྤྲོ་སྐྱིད་འཆམ་མཐུན་གྱི་ལོ་གསར་ཞིག་རོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།    

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞིར་གྲོས་ཞིབ་བྱས་པ་མ་ཟད།     ད་དུང་དོན་ཚན་གཞན་པར་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།