ཟླ2པའི་ཚེས10ཉིན་གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཞུགས་ཞབས་ཞུ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ལོ་སར་སྔོན་ལ་ས་གནས་ཀྱིས2026ལོའི“གནས་གཏད་གནས་དང་། ས་ཚིགས་གཅིག་ཅན”གྱི་ཞིང་ཆེན་བརྒལ་བའི་ངལ་ལས་ཕྱིར་གཏོང་ཆེད་དམིགས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ། གནད་འཁེལ་འབྲེལ་མཐུད་དང་། ཆེད་དོན་ཞབས་ཞུ། སྲིད་ཇུས་སྒྲོག་བཤད་སོགས་ཀྱི་རྣམ་པའི་ཐོག་ནས་ངལ་རྩོལ་པ300ལྷག་ལ་ལོ་སར་སྔོན་ལ“ལས་ཞུགས་ལག་རྟགས་ཆེན་པོ”བྱིན་པ་དང་། ཕྱི་རུ་ལས་ཞུགས་ལ་འགྲོ་འདོད་ཡོད་པའི་རོང་འབྲོག་པ་བརྒྱ་ཙམ་ལ་སྦྲེལ་ཟམ་བསྐྲུན་པ་དང་། མང་ཚོགས་ཀྱིས“ལོ་སར་སྔོན་ལ་ལས་ཀ་བཙལ་ནས་སྐྱིད་པའི་ལོ་སར་རོལ་བའི” སེམས་འདུན་སྐོང་རོགས་བྱས།
བྱེད་སྒོ་མ་སྤེལ་གོང་རྨ་ལྷོ་ཁུལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་གཅན་ཚ་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་མཉམ་དུ་ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར་སོགས་ལམ་སྲོལ་ལ་བརྟེན་ནས་ཞིང་ཆེན་ཕྱི་རོལ་གྱི་སྤུས་ལེགས་བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་ཀྱི་ལས་གནས་གནད་ལ་འཁེལ་བའི་སྒོ་ནས་བསྡུ་རུབ་དང་གདམ་གསེས་བྱས་ནས་ལས་གནས་ཀྱི་ཆ་འཕྲིན་མཛོད་བཙུགས་ཡོད། དེ་དང་ཆབས་ཅིག་ཞང་དང་གྲོང་རྡལ། སྡེ་བ། མཁར་སྡེ་བཅས་སུ་སོང་ནས་ངལ་རྩོལ་པའི་ལས་ཞུགས་དགོས་མཁོ་འཚོལ་ཞིབ་བྱས་ཏེ“མི་དང་ལས་གནས་སྙོམ་སྒྲིག་བྱེད་པའི”ཕྱོགས་གཉིས་འབྲེལ་མཐུད་ལམ་སྲོལ་བཙུགས།
བྱེད་སྒོ་སྤེལ་སྐབས་གཅན་ཚ་རྫོང་གིས་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་གསུམ་རྩ་འཛུགས་བྱས་ནས་སྲིད་ཇུས་ཀྱི་བློ་འདྲི་དང་ལས་གནས་སྟོན་པ་སོགས་ཞབས་ཞུའི་ཁུལ་བཙུགས་ཤིང་། ཞིང་ཆེན་བརྒལ་བའི་ཞོར་ལས་པའི་འགྲིམ་འགྲུལ་ཁ་གསབ་དང་ལས་བརྟན་བྱ་དགའ་སོགས་ཀྱི་སྲིད་ཇུས་ཡུལ་དངོས་སུ་འགྲེལ་བཤད་བྱས་པ་མ་ཟད། ཕྱི་ལ་སོང་བའི་ལས་ཞུགས་མི་སྣ་གདན་ཞུ་ཞུས་ཏེ་ཉམས་མྱོང་མཉམ་སྤྱོད་བྱས་ཤིང་། རོང་འབྲོག་པ་ཕྱི་ལ་ལས་ཞུགས་བྱེད་དུ་འགྲོ་བའི་བརྩོན་སེམས་སྐུལ་སློང་བྱས།
རྨ་ལྷོ་ཁུལ་ལས་ཞུགས་ཞབས་ཞུ་ཅུས་ཀྱི་འབྲེལ་ཡོད་མི་སྣས་འདིའི་འཕྲོར་མི་སྣ་རྩ་འཛུགས་དང་འགྲུལ་ལམ་བཀོད་སྒྲིག་སོགས་ཀྱི་རྗེས་མཐུད་ཞབས་ཞུ་ལེགས་པར་བསྒྲུབ་སྟེ། ཞོར་ལས་པ་བདེ་བླག་དང་བདེ་འཇགས་ངང་ཞིང་ཆེན་ཕྱི་རོལ་དུ་ལས་གནས་སུ་ཞུགས་རྒྱུར་འགན་ལེན་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་མུ་མཐུད་དུ་ཆེད་དོན་ཞབས་ཞུའི་ལམ་སྲོལ་ལ་བརྟེན་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། རྗེས་འདེད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྔར་ལས་མང་པོ་རྩ་འཛུགས་བྱས་ནས་ཞིང་ཆེན་ཕྱི་རོལ་དུ་བརྟན་བརླིང་ལས་ཞུགས་བྱེད་གང་ཐུབ་བྱས་ནས་གྲོང་གསེབ་དར་སྤེལ་ཡོང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།