མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་གཉིས་རྒྱལ་ཁབ་རིམ་པའི་ཀྲུང་ལུགས་གསོ་རིག་ཆེད་མཁས་གྲགས་ཅན་གྱི་རྒྱུན་འཛིན་ལས་སྒྲུབ་ཁང་འཛུགས་སྐྲུན་ལས་གཞིའི་མིང་ཐོ་ཁྲོད་བདམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་གཏམ་བཟང་འབྱོར་བ་ལྟར་ན།     རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཕྱོགས་བསྡུས་སི་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གཉིས་ཀྱིས་མཉམ་འབྲེལ་ཐོག《བུད་མེད་དང་བྱིས་པའི་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ཆེད་མཁས་གྲགས་ཅན་གྱི་རྒྱུན་འཛིན་ལས་སྒྲུབ་ཁང་འཛུགས་སྐྲུན་ལས་གཞིའི་མིང་ཐོ་བསྒྲགས་པའི་བརྡ་སྦྱོར》དཔར་འགྲེམ་བྱས་ནས། རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ཆེད་མཁས་གྲགས་ཅན་གྱི་རྒྱུན་འཛིན་ལས་སྒྲུབ་ཁང་འཛུགས་སྐྲུན་ལས་གཞིའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་།     མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་བུད་མེད་དང་བྱིས་པའི་བདེ་སྲུང་སྨན་ཁང(ཀྲང་ཀོང་རུའུ་ཡི་རྒྱུན་འཛིན་ལས་སྒྲུབ་ཁང་།)དང་། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུས་ཀྱི་བུད་མེད་དང་བྱིས་པའི་བདེ་སྲུང་ཞབས་ཞུའི་ལྟེ་གནས(ཁྲེན་ཧྲུན་ཧྭ་ཡི་རྒྱུན་འཛིན་ལས་སྒྲུབ་ཁང་།)གཉིས་བདེ་བླག་ངང་བདམས་ཐོན་བྱུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཁྱབ་ཁོངས་ཀྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར།    

རྒྱུས་ལོན་པ་ལྟར་ན།     བུད་མེད་དང་བྱིས་པའི་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ཆེད་མཁས་གྲགས་ཅན་གྱི་རྒྱུན་འཛིན་ལས་སྒྲུབ་ཁང་འཛུགས་སྐྲུན་གྱི་ལས་གཞི་ནི་རྒྱལ་ཁབ་ཀྱིས་ཀྲུང་ལུགས་གསོ་རིག་ཆེད་མཁས་གྲགས་ཅན་གྱི་ཉམས་མྱོང་དང་ལག་རྩལ་རྒྱུན་འཛིན་ལ་ཤུགས་སྣོན་པ་དང་།     ཀྲུང་ལུགས་གསོ་རིག་གི་བུད་མེད་དང་བྱིས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།     བུད་མེད་དང་བྱིས་པའི་བདེ་སྲུང་སྒྲིག་གཞིའི་ཀྲུང་ལུགས་གསོ་རིག་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།     ད་ཐེངས་བདམས་ཐོན་བྱུང་བ་འདིས་མཚོ་སྔོན་ཞིང་ཆེན་གྱིས་བུད་མེད་དང་བྱིས་པའི་བདེ་ཐང་ཁྱབ་ཁོངས་ཀྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་གཏོང་བའི་ཐད་ཐོད་བརྒལ་གལ་ཆེན་བྱུང་བ་མཚོན་ཡོད།     ལས་སྒྲུབ་ཁང་གཉིས་ཀྱིས་ལས་གཞིའི་འཛུགས་སྐྲུན་ལ་བརྟེན་ནས།     ཀྲུང་ལུགས་གསོ་རིག་གི་ཆེད་མཁས་གྲགས་ཅན་གྱི་རིག་གཞུང་བསམ་བློ་དང་ནད་ཐོག་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་ཕྱོགས་སྡོམ་རྒྱུན་འཛིན་བྱས་ཏེ།     ཤེས་ལྡན་མི་སྣ་གསོ་སྐྱོང་དང་།     ལག་རྩལ་ཁྱབ་གདལ་གཏོང་བ།     ཞབས་ཞུ་གསར་གཏོད་གཞི་གཅིག་ཅན་གྱི་རྒྱུན་འཛིན་སྟེགས་བུ་བསྐྲུན་ནས། བུད་མེད་དང་བྱིས་པའི་ནད་རིགས་འགོག་བཅོས་དང་བདེ་ཐང་སྙོམ་སྒྲིག་ཐད་ཀྱི་ཀྲུང་ལུགས་གསོ་རིག་གི་དགེ་མཚན་སྔར་ལས་འདོན་སྤེལ་བྱ་རྒྱུ་རེད།    

མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་བླང་བྱ་ལྟར། ལས་ཁུངས་གཉིས་ལ་རྩ་འཛུགས་ཞིབ་ཚགས་བྱས་ནས་ལས་གཞི་ལག་བསྟར་དང་དོ་དམ་ལེགས་པོ་བྱས་ཏེ་འཛུགས་སྐྲུན་གྱི་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱ་རྒྱུ་རེད།  མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་མཐུན་པའི་ཉམས་མྱོང་རྒྱུན་འཛིན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཁྱབ་ཁོངས་ཀྱི་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་མུ་མཐུད་དུ་ཆེ་རུ་བཏང་སྟེ། བུད་མེད་དང་བྱིས་པར་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་ཞབས་ཞུ་སྔར་ལས་ལེགས་པོ་འདོན་སྤྲོད་བྱ་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།