
སྐྱ་ཐེར་ཐེར་གྱི་དུས་ཚིགས་ནང་སྐྱ་སང་སང་གི་བཞིན་རས་ཁྱུ་ཞིག་རྒྱང་ནས་ཡོང་།
ཐན་པས་གཙེས་པའི་མི་སེམས་ལ་ལོ་ལེགས་བསུ་ཕྱིར་བསྐལ་བའི་ཡུར་བ་དྲངས་ཏེ་ནས་འབྲུ་དང་ནང་སེམས་ལ་ཕྱི་མིག་གི་མཉེས་གཤིན་བཏབ།
རེད། འཚོ་བ་དེ་ལྟར་མགོ་བརྩམས།
སྦྲང་དཀར་རྩམ་པས་རྒྱལ་ཁམས་གསོ་བས་བཀྲེས་ལྟོགས་ཀྱིས་གདུངས་པའི་མི་རྣམས་ཀྱིས་ས་ནག་ནང་དུ་ནས་ནག་གཏོར།
དེས་མི་རྣམས་ཀྱི་ལུས་དང་ལག་པའི་ཚུགས་ཀ་ཡང་བསྒྱུར། དེས་ཤ་གསེང་རུས་གསེང་ལ་ཟུག་པའི་གྱེ་མ་ཡང་གནམ་ལ་གཟེངས་པར་བྱས།
ང་དང་ཁྱོད་ཀྱི་ནར་མའི་འཚོ་བ་དང་དེ་ལས་བྱུང་བའི་མཐའ་ཡས་པའི་དཀའ་སྡུག་དང་དེའི་ཕུན་ཚོགས་ཁྲོད་ན་ང་ཚོར་ནས་འབྲུ་ཡོད། གྱེ་མ་ཡོད།
དབུལ་ཕོངས་ལ་གོམས་པའི་ང་ཚོས་བྲང་ཁོག་གནམ་ལ་བཟེད་དེ་ལོ་ཟླ་བརྩིས། སེར་གས་ནས་འབྲུ་བསྐྱོར། ཚེ་སྲོག་གི་རིན་ཐང་ཡང་གྱེ་མས་བཅལ།
དེ་དུས་ད་གཟོད་འཚོ་བའི་ནས་འབྲུར་དཀའ་སྡུག་གི་གྱེ་མ་སྨིན་པའི་ཆོས་ཉིད་རྟོགས། དེ་བས་ཚེ་རབས་ལས་ཀྱི་དགའ་སྐྱོ་ཐམས་ཅད་ཧ་ཅང་མངོན་ཆུང་གིས་དང་དུ་བླངས། དེ་བས་ཤ་དང་རུས་ལ་འཐིམས་པའི་གྱེ་མ་མི་ཚེ་གཅིག་གི་དྲན་པར་ཟུག་པའང་རྒྱུན་ལྡན་དུ་མཐོང་། དེ་ནི་མི་ཞིག་ནར་སོན་པའི་གོ་རིམ་ཡིན། གོ་རིམ་དེས་ང་ཚོར་མཛེས་སྡུག་གི་འཚོ་བ་དཀའ་སྡུག་གིས་གྲུབ་ཅིང་།ཞིམ་མངར་གྱི་ནས་འབྲུ་ཡང་གྱེ་མའི་རྣོ་དབལ་གྱིས་བཏེག་པ་ནི་རྒྱུ་དང་འབྲས་བུའི་འབྲེལ་བའམ་རྟེན་འབྲེལ་གྱི་འབྲེལ་བས་གྲུབ་པ་ངོ་སྤྲད། དེ་བས་རྒྱབ་ན་མེ་ལྕེ་འབར་བའི་གྱེ་མ་དང་། མདུན་ན་ཚེར་མ་བཏིངས་པའི་ལམ་ཕྲན་དེའི་སྣེ་གང་ཞིག་ན་ཡོད་མེད་སོགས་རང་རང་གསོན་པའི་སྙིང་བོ་གླེང་སྐབས། ཡང་ན་ནས་འབྲུ་དང་དེ་ལས་བྱུང་བའི་དཀའ་སྡུག་མོལ་དུས་གྱེ་མ་དྲན་སྲིད་པར་རྒྱུ་མཚན་ཡོད་པར་གྱུར། མདོར་ན་འཚོ་བར་དཀའ་སྡུག་འཐིམས་ཤིང་། ནས་ལ་གྱེ་མས་མནར་ཚུལ་ནི་རང་བཞིན་གཅིག་པར་མཐོང་ལ། དེ་ནི་ཀློག་ཐབས་མེད་པའི་འཁོར་བའི་བསྟན་བཅོས་གཏོས་ཆེན་པོ་ཞིག་ཡིན་པའང་ངང་གིས་རྟོགས། རང་མྱོང་དེ་ལས་འཚོ་བ་དང་དཀའ་སྡུག་བཞིན་ནས་དང་གྱེ་མ་སྐྱེས་ཤིང་། ནས་དང་གྱེ་མ་ཡང་འཚོ་བ་དང་དཀའ་སྡུག་གི་བརྗེད་ཐོར་གྱུར་ཚུལ་གྱི་སྐྱིད་ལ་སྡུག་པའི་མི་ཚེའི་རི་མོ་ནོགས་མེད་ཅིག་སྟེ། ནས་ཀྱི་གྱེ་མའི་གཏམ་རྒྱུད་འདི་ལྟར་གྲུབ།
_____འཆི་མེད་ཀྱིས།

འཆི་མེད།(དངོས་མིང་པདྨ་འཚོ) ལོ་རབས་དྲུག་ཅུ་བའི་སྨད་ཙམ་ལ་ཨ་མདོ་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས། རང་ལོ་བདུན་པ་ནས་ཕ་ཡུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་རིམ་པར་བརྒྱུད་ཅིང་། 1987ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་ད་ལྟའི་བར་ཕ་ཡུལ་དུ་དགེ་རྒན་གྱི་ལས་ཀ་གཉེར། ལོ་རབས་དགུ་བཅུ་བའི་སྟོད་ཙམ་ནས་བཟུང་བོད་ཁུལ་གྱི་དུས་དེབ་སྣ་ཚོགས་སྟེང་སྙན་རྩོམ་མི་ཉུང་བ་སྤེལ་ཅིང་། 1997ལོར《བརྩེ་དུངས་དང་ལས་དབང》ཞེས་པའི་སྙན་ངག་ལ་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། 2008ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་འཆད་ཁྲིད་མུན་སེལ་སྒྲོན་མེ་ལེ་ཚན་ནས《བོད་རིགས་བུད་མེད་ཀྱི་ཐོབ་ཐང》ཞེས་པ་འཆད་ཁྲིད་བྱས། 2012ལོར་སྙན་ངག《འབྲོག་ཁྱི》ཞེས་པར་སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་ཅིང་། ལོ་དེར་སྙན་དེབ་ཐོག་མ།《ཟླ་བའི་རྨི་ལམ》(ཟླ་བའི་རྨི་ལམ་རྒྱ་འགྱུར་མ་འབྲོང་རྩོམ་རིག་དཔེ་ཚོགས་སུ་བདམས)ཞེས་པ་དུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་དུ་བདམས་ཏེ་པར་དུ་བསྐྲུན། 2015ལོར"འབྲོང་རྩོམ་རིག" བྱ་དགའ་ཐོབ་པ་དང་། 2016ལོར་སྙན་དེབ་གཉིས་པ《ཆུའི་ལང་ཚོ》འགྲེམས་སྤེལ་བྱས། 2017ལོར《བུད་མེད་རྩོམ་པ་པོས་གསར་རྩོམ་གླེང་བ》(མཉམ་བྲིས)ཞེས་པ་བཀྲམས། ལོ་དེར་སྙན་ངག《ཨ་ལོང》ཞེས་པར《མི་རིགས་རྩོམ་རིག》ལོ་འཁོར་བྱ་དགའ་ཐོབ། 2017ལོར་ཕ་ཡུལ་ནས་ལས་འཁྱུར་ངལ་གསོ་བྱས་རྗེས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་སྦྱོང་རྒྱུགས་སྤྲོད་སྡེ་ཁག་ཏུ་མུ་མཐུད་རྩོམ་རིག་དགེ་རྒན་གྱི་ལས་ཀ་གཉེར་ཅིང་། ལོ་དེའི་ཟླ་བཅུ་གཅིག་པར་སློབ་གྲྭ་དེ་ག་རུ《བདག་གི་བག་ཆགས་ཁྲོད་ཀྱི་དགེ་རྒན་དོན་གྲུབ་རྒྱལ།(རང་གྲོལ)》ཞེས་པ་འཆད་ཁྲིད་བྱས།2019ལོའི་ཟླ་ལྔ་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ།《སྙན་ངག་གསར་རྩོམ་དང་ཉམས་མྱོང་གླེང་བ》ཞེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་སྤེལ།2022ལོའི་ཟླ་བཞི་བར་ཨ་རིའི་ཝེར་ཇིཎི་ཡ་དང་ཧར་ཝར་ཊྲྀ་སློབ་ཆེན་གཉིས་ཀྱིས་རྩོམ་རིག་འཆད་ཁྲིད་ལ་མགྲོན་ཤོག་བཏང་འོག་སློབ་ཆེན་དེ་དག་ཏུ་བོད་མོའི་རྩོམ་རིག་དང་འབྲེལ་རང་གི་བརྩམས་ཆོས་གཞིར་བཞག་གིས་འཆད་ཁྲིད་སྤེལ། 2023ལོར་སྙན་དེབ་གསུམ་པ《ཟངས་ཀྱི་མེ་ལོང་ནང་གི་འཇིག་རྟེན》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། 2025ལོར་རྒྱལ་ཡོངས་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་སྐབས་བཞི་བ་ཐོབ།2026ལོའི་ཟླ་གཉིས་པར་ལྷུག་རྩོམ་རིང་མོ《ནས་ཀྱི་གྱེ་མ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།