རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས2026ལོའི་དཔྱིད་འདེབས་དང་ལོ་ཧྲིལ་པོའི་རྫས་ལུད་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་ཡོང་བའི་ལས་དོན་ཡག་པོར་བསྒྲུབ་རྒྱུ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ2པའི་ཚེས5ཉིན་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ཉེ་ཆར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས2026ལོའི་དཔྱིད་འདེབས་དང་ལོ་ཧྲིལ་པོའི་རྫས་ལུད་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་ཡོང་བའི་ལས་དོན་ཡག་པོར་སྒྲུབ་རྒྱུའི་བརྡ་ཐོ་པར་འགྲེམ་བྱས།

བརྡ་ཐོའི་ནང་ཕྱོགས་དྲུག་གི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་སྟེ། རྫས་ལུད་ཐོན་སྐྱེད་ཀྱི་རྒྱུ་ཆ་མཁོ་སྤྲོད་འགན་ལེན་དང་རྫས་ལུད་ཐོན་སྐྱེད་བརྟན་པོ་ཡོང་བ་དང་། རྫས་ལུད་འཁོར་རྒྱུག་བདེ་བླག་ཡོང་བར་སྐུལ་འདེད་བཏང་སྟེ་ཞིང་ལས་ལ་ལུད་སྤྱོད་པའི་མ་གནས་དམའ་རུ་གཏོང་བ། རྫས་ལུད་གསོག་འཇོག་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གསོག་འཇོག་བྱེད་ནུས་དང་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ། རྫས་ལུད་ཕྱིར་གཏོང་ནང་འདྲེན་གྱི་ཞབས་ཞུའི་དོ་དམ་ལ་ཤུགས་རྒྱབ་ནས་ནང་འདྲེན་འགན་ལེན་ཏན་ཏིག་གིས་ལེགས་པར་སྒྲུབ་པ། རྫས་ལུད་ཁྲོམ་རར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་བརྒྱབ་ནས་ཁྲོམ་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལུད་འཇོག་པར་སྐུལ་འདེད་བཏང་ནས་རྫས་ལུད་སྤྱོད་པའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཡིན། 

བརྡ་ཐོའི་ནང་། ཞིང་ཆེན་རིམ་པའི་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ཁག་གིས་འགྲིམ་འགྲུལ་གཙོ་གཉེར་སྡེ་ཚན་དང་མཉམ་དུ་རྫས་ལུད་དང་ཐོན་སྐྱེད་རྒྱུ་ཆའི་ཆུ་ལམ་དང་གཞུང་ལམ་སྐྱེལ་འདྲེན་བདེ་བླག་ཡོང་བར་འགན་ལེན་བྱེད་དགོས། ཞིང་ལས་རྒྱུ་ཆའི་རྐང་འཛིན་འཁོར་རྒྱུག་བར་ཁྱམས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། རྫས་ལུད་དང་རྒྱུ་ཆ་བདེ་བླག་ངང་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་དགོས། གཙོ་གནད་ཞིང་ལས་རྒྱུ་ཆའི་འཁོར་རྒྱུག་ཁེ་ལས་ཀྱིས་རྫས་ལུད་ཐད་ཀར་སྤྱོད་མཁན་ལ་ཕྱིར་འཚོང་བྱེད་པའི་བསྡུར་ཚད་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་ནུས་པ་འདོན་སྤེལ་བྱས་ཏེ། རྫས་ལུད་གསོག་འཇོག་ལས་སྒོ་དང་འབྲེལ་ཡོད་གསོག་མཛོད་སྒྲིག་ཆས་འཛུགས་སྐྲུན་གྱི་ཕྱོགས་བསྡུས་རང་བཞིན་གྱི་དངུལ་རྩའི་ཞབས་ཞུའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆ་རྐྱེན་ཡོད་པའི་ཁེ་ལས་ཀྱིས་གནས་ཚུལ་ལ་གཞིགས་ནས་མུ་ཟི་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་བསྔགས་སྐུལ་བྱས་ཏེ། རྒྱལ་ནང་གི་མཁོ་སྤྲོད་བརྟན་པོ་ཡོང་བ་དམིགས་འབེན་དུ་བྱས་ནས། ལུགས་མཐུན་གྱི་མཛོད་ཉར་ཆུ་ཚད་རྒྱུན་འཁྱོངས་བྱེད་དགོས། རྫས་ལུད་འཁོར་རྒྱུག་ཁེ་ལས་གཙོ་བོས་རྫས་ལུད་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་ཡོང་བའི་སྤྱི་ཚོགས་ཀྱི་འགན་འཁྲི་རང་འགུལ་ངང་འཁུར་རྒྱུར་སྐུལ་མ་གཏོང་བ་དང་། ཚོང་ཟོག་རྫུན་མ་དང་ངན་པ་བཀག་འགོག་བྱེད་དགོས་པ་བཅས་གསལ་པོར་བཟོས་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།