རྒྱལ་ཁབ་ཀྱིས་གནད་དོན་འདི་རིགས་ལ་ཞིབ་བཤེར་ནན་པོ་བྱ་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་ཀྱིས་སྤྱི་ཚེས་4ཉིན་བརྡ་ཐོ་བཏང་སྟེ། སེམས་ནད་རིགས་ཀྱི་སྨན་བཅོས་འགན་བཅོལ་གྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིའི་(ཕྱོགས་བསྡུས་སྨན་ཁང་གི་སེམས་ནད་ཚན་ཁག་ཚུད་པ་)དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་མགོ་སྐོར་གཡོ་ལེན་དང་སྒྲིག་འགལ་ངང་སྤྱོད་པའི་ཟང་ཟིང་གི་སྣང་ཚུལ་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།

བརྡ་ཐོའི་ནང་བླང་བྱ་བསྟན་དོན། ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་སྡེ་ཚན་ཁག་གིས་ངེས་པར་དུ་གཟའ་འཁོར་འདིའི་གཟའ་ཉི་མའི་གོང་དུ། ཁོངས་གཏོགས་ས་ཁུལ་གྱི་འབྲེལ་ཡོད་སྒྲིག་གཞིའི་འགན་འཁུར་བ་དང་མཉམ་སྡེབ་སྐོང་འདྲི་བྱས་ཏེ། བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་གཏིང་ཟབ་བྱེད་དགོས། དུས་མཚུངས་སུ། ཉེ་ཆར་ཧུའུ་པེའི་ཤང་དབྱང་དང་དབྱི་ཁྲང་སོགས་སུ་ཐོན་པའི་དཔེ་མཚོན་གྱོད་གཞི་དང་། དེ་སྔའི་འཕྲལ་སྒྲུབ་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་ཟུང་འབྲེལ་གྱིས། ཉེན་ཟོན་སློབ་གསོ་སྤེལ་ནས་སྒྲིག་མཐུན་ངང་ཐེབས་རྩ་སྤྱོད་པའི་འདུ་ཤེས་བརྟན་པོ་འཛུགས་དགོས།

སྤྱི་ཚེས་4ཉིན་ནས་བཟུང་། རིམ་ཁག་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་རང་བཤེར་རང་བཅོས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ཏེ། གཙོ་བོ་ནད་པ་སྨན་ཁང་དུ་སྡོད་པར་སྐུལ་སློང་དང་། སྨན་ཁང་དུ་སྡོད་ཁུལ་བྱེད་པ། ནད་གཞི་དང་སྨན་བཅོས་བྱས་ཚུལ་བཟོ་བཅོས་རྒྱག་པ། ཡིག་ཆ་རྫུན་བཟོ་དང་སྒྲིག་འགལ་གྱི་སྨན་རིན་བསྡུ་བ་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས། སྒྲིག་གཞིའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས། སྒྲིག་གཞི་ཁག་གིས་སྤྱི་ཟླ་3ཚེས་15ཉིན་གྱི་གོང་དུ་རང་བཤེར་རང་བཅོས་དང་། ཡིག་ཐོག་སྙན་ཞུ་ཕུལ་ནས་ཁྲིམས་འགལ་སྒྲིལ་འགལ་ངང་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྤྱད་པ་དང་འབྲེལ་བ་ཡོད་པའི་མ་དངུལ་ཕྱིར་སློག་བྱ་དགོས། ཞིང་ཆེན་རིམ་པའི་སྨན་བཅོས་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཟླ་3པའི་ཟླ་མཇུག་གོང་དུ་གནས་ཚུལ་ཕྱོགས་བསྡུས་ཀྱིས་ཡར་ཞུ་བྱེད་དགོས།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་ཀྱིས་འདི་ལོ་གཙོ་གནད་ཐོག་སེམས་ནད་རིགས་ཀྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིར་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་ཞིང་། ཁྲིམས་འགལ་སྒྲིག་འགལ་ངང་ཐེབས་རྩ་སྤྱོད་པ་དང་། རང་བཤེར་རང་བཅོས་ཀྱི་ལས་དོན་རྣམ་པ་ཙམ་དུ་གྱུར་པའི་སྒྲིག་གཞིའི་རིགས་ལ། ཁྲིམས་སྲོལ་ལྟར་ཆད་པ་ནན་པོ་གཅོད་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེའི་རིགས་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།