མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ཟླ1པའི་ཚེས30ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བཞི་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་དང་རྩིས་བཤེར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་པའི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། རང་ཞིང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཐབ་ཇུས་ཀྱི་འགན་འཁྲིར་དམ་པོར་དམིགས་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་མུ་མཐུད་དུ་སྤེལ་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ཏན་ཏིག་ངང་ལེགས་སྒྲུབ་བྱས་ནས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ལེགས་པོ་སྤོ་རྒྱུར་སྐུལ་འདེད་གཏོང་དགོས། མདུན་གྲལ་ཚན་རྩལ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་ལ་དམ་པོར་དོ་སྣང་བྱས་ཏེ། རྒྱལ་ཁབ་ལ་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པ་རྒྱུན་འཁྱོངས་བྱེད་པ། གལ་ཆེ་བ་གཙོར་འཇོག་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དགེ་མཚན་ཆེ་རིགས་ཐད་གནད་འཁེལ་ཤུགས་འདོན་བྱས་ནས། ཚན་རིག་དང་མཐུན་པའི་འཆར་འགོད་དང་བཀོད་སྒྲིག་ཐད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་གཅིག་སྡུད་ནུས་ཤུགས་བཏོན་ནས། ཐོན་ལས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་ཐད་རྒྱུན་མཐུད་སྒོས་ཤུགས་བསྣན་ཏེ། མ་འོངས་པའི་ཐོན་ལས་མཚོ་སྔོན་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། རྩིས་བཤེར་བྱ་བའི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱས་ནས། ཆབ་སྲིད་ཀྱི་བྱེད་ནུས་དང་ཆབ་སྲིད་ཀྱི་གཏོགས་གཤིས་རྒྱུན་ཆད་མེད་པར་ཤུགས་སྣོན་དགོས་པ་དང་། རང་ཞིང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་བྱ་བ་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས། འགག་རྩའི་མི་སྣ་བཅས་ལ་དམིགས་ཏེ། རྩིས་བཤེར་གྱི་ཚུར་ལྡོག་གནད་དོན་བཅོས་སྒྲིག་བྱེད་ཤུགས་དམ་འཛིན་ལེགས་པོ་བྱས་ནས། ནུས་ཤུགས་ཡོད་རྒུས་རྩིས་བཤེར་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་དགོས་ཞེས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་ཞིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཕྲག་ཏུ་འཁུར་བའི་དམིགས་བསལ་གྱི་འགན་འཁྲི་ངོས་འཛིན་གཏིང་ཟབ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་རྣམ་པ་མུ་མཐུད་འཐུས་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབ་བྱས་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རོགས་འདེགས་སྔར་ལས་ལེགས་པོ་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་འཐབ་རྩོད་ཀྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་སྟེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དཀའ་ངལ་ཆེ་བ་དང་རྙོག་འཛིང་ཆེ་བའི་གནད་དོན་ལ་བརྟག་ཞིབ་བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་བསྣན་ནས། གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཕན་འབྲས་སྔར་ལས་ཆེ་བ་ལེན་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང2025ལོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་བྱས་འབྲས་དང་། 2025ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་གནས་ཚུལ་སྙན་ཞུར་ཉན་པ་མ་ཟད་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།