མཚོ་སྔོན་ཞིང་ཆེན་གྱིས་ནགས་ཚལ་དང་རྩྭ་སའི་ཚད་གཞི147ཁྱབ་སྒྲོག་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། མིག་སྔའི་བར། མཚོ་སྔོན་གྱིས་བསྡོམས་པས་ནགས་ཚལ་དང་རྩྭ་ཐང་ལས་གནས་ཚད་གཞི་རིགས་མ་འདྲ་བ147ཁྱབ་སྒྲོག་བྱས་ཤིང་། དེའི་ནང་སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ཁུངས་དོ་དམ། གནོད་འཚེ་ཚོད་འཛིན། ཐོན་ལས་འཕེལ་རྒྱས། ཚན་རྩལ་འདེགས་སྐྱོར་སོགས་ཁྱབ་ཁོངས་འདུ་བས། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ས་གནས་ཚད་གཞིའི་མ་ལག་མུ་མཐུད་དུ་འཐུས་ཚང་དུ་ཕྱིན་པ་རེད།

མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་དང་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ། ཚད་ལྡན་ཅན་གྱི་ལས་དོན་ཚན་རིག་དང་མཐུན་པའི་ཚད་གཞི་ལ་མུ་མཐུད་དུ་ཤུགས་བསྣན་པ་དང་། ནགས་ལས་དང་རྩྭ་ཐང་ཚད་ལྡན་ཅན་འགྱུར་ལག་རྩལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ།  “མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་གི་ཚད་གཞིའི་མ་ལག”ཐོག་མར་བཙུགས་པ་དང་། “བྱང་གསུམ”ལས་གྲྭ་ཁུལ་གྱི་ནགས་ལས་དང་རྩྭ་ཐང་ལ་ས་གནས་ཀྱི་ཚད་གཞི་བཀོལ་སྤྱོད་གསལ་ཐོ་པར་འགྲེམས་བྱས་ཏེ། ལས་གྲྭའི་འཛུགས་སྐྲུན་ཁྲོད་ཚད་གཞི་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་བས། ཚད་གཞི་མཁོ་སྤྲོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ཚད་གཞིའི་སྣེ་ཁྲིད་དང་འདེགས་སྐྱོར་ནུས་པ་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད།

སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཚད་གཞི་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་ནས། མཐོ་སྒང་གི་དམིགས་བསལ་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་དམིགས་ཏེ་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན། ཉམས་གསོ། གདེང་འཇོག་བཅས་འབྲེལ་ཐག་ཧྲིལ་པོའི་ལག་རྩལ་ཚད་གཞི་བཟོས་པ་དང་། 《མཐོ་གྲང་གཏེར་ཁུལ་གྱི་སྔོ་ཁེབས་སླར་གསོ་ལག་རྩལ་སྒྲིག་སྲོལ》སོགས་ལག་རྩལ་ཚད་གཞི་དང་དེ་བཞིན《རྒྱལ་ཁབ་སྤྱི་གླིང་གི་རྒྱང་ཚོར་གཟུགས་བརྙན་གཞི་གྲངས་མཛོད་འཛུགས་སྐྲུན་ཚད་གཞི》སོགས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཚད་གཞི་བཅས་ཁྱབ་སྒྲོག་བྱས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད། ཐོན་ལས་ཚད་ལྡན་ཅན་དུ་འཕེལ་བར་དམིགས་ནས།《མཚོ་སྔོན་གྱི་སྡོང་ལེབ་སྔ་སྨིན་རྩྭ་འདེབས་གསོ་ལག་རྩལ་སྒྲིག་སྲོལ》དང་《འོལ་མོ་སེ་ལྗང་བུ་གསོ་སྐྱོང་དང་འདེབས་གསོ་ལག་རྩལ་སྒྲིག་སྲོལ》སོགས་རྨང་གཞིའི་ཚད་གཞི་ཁྱབ་སྒྲོག་དང་། 《འཕང་འབྲས་ཐོན་ལས་ཀྱི་ཚད་གཞིའི་མ་ལག》དང་《རང་བྱུང་ནགས་ཚལ་སྲུང་སྐྱོང་ཉམས་གསོ་བྱེད་པའི་ཚད་གཞིའི་མ་ལག》སོགས་མ་ལག་རང་བཞིན་གྱི་ཚད་གཞིའི་མ་ལག་ཁྱབ་སྒྲོག་བྱས་པ་རེད། གནོད་འཚེ་སྔོན་འགོག་དང་བདེ་འཇགས་དོ་དམ་གྱི་ཚད་གཞི་གསར་གཏོད་ཚད་བརྒལ་བྱས་ཏེ། 《ནགས་ལས་རྩྭ་ཐང་ལ་མེ་འགོག་མི་མེད་གནམ་གྲུའི་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་བའི་ལག་རྩལ་སྒྲིག་སྲོལ》སོགས་མཉམ་འདྲེས་ལག་རྩལ་གསར་པ་ཁག་ཅིག་གི་ཚད་གཞི་ཁྱབ་སྒྲོག་བྱས་པ་དང་། དུས་མཚུངས་སུ་གནོད་སྐྱོན་དཔྱད་དཔོག་དང་འཕྲལ་སྡོམ་དོ་དམ་གྱི་འབྲེལ་ཡོད་ཚད་གཞི་འཐུས་ཚང་དུ་བཏང་བ་རེད། 

ཤེས་གསལ་ལྟར་ན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི“རིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཚད་གཞིའི་མ་ལག་གི་གྲུབ་ཆ་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ་དང་། ནགས་ལས་དང་རྩྭ་ཐང་ཐོན་ལས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར། རྩྭ་ཐང་རྒྱུན་མཐུད་གཉེར་སྐྱོང་། ནགས་ལས་དང་རྩྭ་ཐང་སྒྲིག་ཆས་རིག་ནུས་ཅན་སོགས་ཁྱབ་ཁོངས་ཀྱི་ཚད་གཞི་མཁོ་སྤྲོད་ལ་གཙོ་གནད་ཐོག་ཤུགས་བསྣན་པ་དང་། ཚད་གཞི་ལག་བསྟར་དང་ཕན་འབྲས་དཔྱད་དཔོག་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་མཐོ་སྒང་གི་ཁྱད་ཆོས་མཚོན་པའི་ནགས་ལས་དང་རྩྭ་ཐང་ས་གནས་ཀྱི་ཚད་གཞིའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།