ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་ཨུ་རུ་སུའི་སྲིད་འཛིན་ལ་མཇལ་འཛོམས་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2ཚེས4ཉིན་གྱི་ཕྱི་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་བརྙན་ལམ་བརྒྱུད་ནས་མཇལ་འཛོམས་གནང་།

ཞི་ཅིན་ཕིང་གིས་སྲིད་འཛིན་ཕུའུ་ཅིང་དང་ཨུ་རུ་སུའི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་ཏེ་བསྟན་དོན།  དེ་རིང་ནི་ཀྲུང་གོའི་ལུགས་རྙིང་གི་དཔྱིད་ཚུགས་པར་འཁེལ་ཡོད་ལ། དེས་དཔྱིད་དཔལ་རབ་ཏུ་བཞད་ཅིང་། འགོ་གསར་པ་ཚུགས་པ་མཚོན། ངས་སྲིད་འཛིན་ཕུའུ་ཅིང་དང་མཉམ་དུ་དོན་སྙིང་ལྡན་པའི་ཉིན་མོ་འདིར་ཀྲུང་ཨུའི་འབྲེལ་བར་མཉམ་དུ་འཆར་གཞི་གསར་པ་འགོད་འདོད་ཡོད། ཕུའུ་ཅིང་གིས་བསྟན་དོན། དཔྱིད་ཚུགས་སྐབས་བྱ་དངོས་ཚང་མར་གསོན་ཤུགས་རྒྱས་བཞིན་ཡོད་ལ། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ཡང་ཡར་རྒྱས་གོང་འཕེལ་དང་ཧུར་བརྩོན་ཡར་རྒྱས་འགྲོ་ངེས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་དཔྱིད་གསར་ལ་བཀྲ་ཤིས་བདེ་ལེགས་དང་། རྟ་ལོར་སྐྱེས་སྟོབས་ཀྱི་དཔལ་འབར།  འདོད་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ།

ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་ལོ་གཅིག་ལ་ང་ཚོ་མཇལ་འཛོམས་ཐེངས་གཉིས་བྱས་ནས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་ཁྲིད་སྟོན་བྱས། རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་རྗེས་དྲན་གཟབ་རྒྱས་ཞུས་ཏེ། ཕྱོགས་གཉིས་ཀྱི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་མཆོད་སེམས་བརྟན་པོ་མངོན། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་གི་འཕེལ་ཕྱོགས་བརྟན་པོ་ཡིན། “ཀྲུང་ཨུའི་རིག་གནས་ལོ”བདེ་ལེགས་ངང་མཇུག་བསྡུས་ལ། རྒྱལ་ཁབ་གཉིས་པོའི་མི་ཆོས་སྤེལ་རེས་དང་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ་མི་སྣའི་འགྲོ་འོང་ཇེ་ཟབ་ཏུ་ཕྱིན་ཡོད།  ཕྱོགས་གཉིས་ཀས་སྔ་རྗེས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་ཚོགས་དང་མོ་སི་ཁོའི་ཙུང་ལི་གྲོས་ཚོགས་བདེ་བླག་ངང་གཙོ་སྒྲུབ་བྱས་ཤིང་། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་བསྣན་ནས། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་མུ་མཐུད་ཤུགས་བསྣན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཧུར་ཐག་གིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས། ཨུ་རུ་སུ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱ་རྒྱུ་ཡིན། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་30འཁོར་བ་དང་། 《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་འབྲེལ་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་25འཁོར་བ། “ཀྲུང་ཨུའི་སློབ་གསོའི་ལོ”ཡི་འགོ་ཚུགས་པའི་ལོ་ཡང་ཡིན། ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ། རིམ་པ་སྔར་ལས་ཟབ་པའི་འཐབ་ཇུས་མཉམ་ལས་དང་བྱས་རྗེས་ལྡན་པའི་རྒྱལ་ཁབ་ཆེན་མོའི་འགན་འཁུར་ནས།  ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་ཡང་དག་པའི་བགྲོད་ལམ་དེད་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  ལོ་གསར་བའི་ཚུན་དུ། རྒྱལ་སྤྱིའི་གནས་བབ་དེ་བས་ཟང་ཟིང་དུ་གྱུར་ཡོད། འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨུ་རུ་སུ་གཉིས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདྲ་མཉམ་དྲང་བདེན་བརྟན་སྲུང་དང་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་བ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་ཚད་གཞིར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་བའི་འོས་འགན་ཡོད།

ཕུའུ་ཅིན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ་།  ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུས་པ་དང་། ཨུ་ཀྲུང་མི་དམངས་ཀྱིས་བློས་གཏོང་ཆེན་པོ་བྱས་ནས་ཐོབ་པའི་འཛམ་གླིང་ཞི་བདེ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ལོ་རྒྱུས་ཀྱི་གནས་ཚུལ་དངོས་སྲུང་སྐྱོང་བྱས། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་ནུས་ཁུངས། ཚན་རྩལ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་སྒོས་སྤེལ་ཡོད། སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ཡོད་ལ། རིག་གནས་ལོ་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད།  ཕན་ཚུན་རྒྱལ་ཁོངས་བརྒལ་བར་མཆན་འགོད་བྱེད་མི་དགོས་པའི་སྲིད་ཇུས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཕན་ཚུན་འགྲོ་འོང་སྔར་ལས་སྟབས་བདེ་བཟོས་ཡོད།  ལོ་གསར་པའི་ནང་ཨུ་རུ་སུ་ཕྱོགས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།  ཕྱོགས་གཉིས་པོས་མུ་མཐུད་དུ་ཕན་ཚུན་བར་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་བྱས་ནས་སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ།  རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།      རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ།  ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་བརྒྱབ་ནས་རྒྱལ་སྤྱིའི་ལས་དོན་ཐད་དྲང་ནུས་སྣོན་འདོད། ཀྲུང་གོས་ཧྲེན་ཀྲེན་དུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འཚོགས་པར་ཨུ་རུ་སུ་ཕྱོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་འཛིན་གྱིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཐེངས་མང་བའི་གནད་དོན་ཐད་བསམ་འཆར་བརྗེ་རེས་ཟབ་མོ་གནང་བ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།