ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིསཟླ1ཚེས30ཉིན་གྱི་ཕྱི་དྲོར་རྒྱང་ལྟའི་བཀོད་སྒྲིག་དང་མ་འོངས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བཞི་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་བྱེད་ཐེངས་གསར་པ་མགྱོགས་མྱུར་སྒོས་རིམ་འཕེལ་བྱེད་བཞིན་ཡོད་ལ། མདུན་གྲལ་ལག་རྩལ་རྒྱུན་ཆད་མེད་པར་བྱུང་ནས། མ་འོངས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་དང་འདེགས་སྐྱོར་བྱེད་བཞིན་ཡོད། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་དང་། ཕྱི་རོལ་ཆ་རྐྱེན་ནས་གཞི་ཚུགས་པ་དང་། ཞིབ་བསྡུར་ལེགས་ཆ་འདོན་སྤེལ། བརྟན་ཐོག་ཡར་འཕེལ་དང་སྐས་རིམ་ལྟ་བུའི་གསོ་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ། རང་རྒྱལ་གྱི་མ་འོངས་ཐོན་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཐོད་བརྒལ་གསར་པ་འབྱུང་རྒྱུར་སྐུལ་འདེད་གཏོང་དགོས།
ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གི་བློ་མཐུན་ཡུས་ཞའོ་ཧུའེ་ཡིས་གནད་དོན་དེར་འགྲེལ་བཤད་བྱས་ནས་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་པ་མ་ཟད་གྲོས་བསྡུར་བྱས།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། མ་འོངས་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ། ཚན་རྩལ་དང་ཐོན་ལས་ཀྱི་མཐོ་གནས་གཙོར་འཛིན་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་འཛིན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མ་འོངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་ཕྱོགས་བཟང་པོ་མངོན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མ་འོངས་ཐོན་ལས་ལ་རྒྱང་ལྟའི་རང་བཞིན་དང་། འཐབ་ཇུས་རང་བཞིན། རྩ་སློག་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས། ཚན་རིག་དང་མཐུན་པའི་ཇུས་འགོད་དང་སྤྱི་ཡོངས་གཅིག་གྱུར་འཆར་འགོད་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་རང་རྒྱལ་གྱི་མ་འོངས་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་རྒོལ་ཁ་ཕྱོགས་ལ་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལག་རྩལ་གྱི་ལམ་ཕྱོགས་ལ་རིགས་པས་སྒྲུབ་ནས། མདུན་གྲལ་ལག་རྩལ་འཐབ་ཇུས་ཀྱི་སྔོན་དཔག་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་ལག་རྩལ་བྱང་ཆུབ་པའི་ཚད། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ཆ་རྐྱེན་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བཏང་ནས། ཡུལ་བབ་དང་བསྟུན་པ་དང་ཐབས་སྒྱུར་གོང་འཕེལ་གཏོང་དགོས། ཐོན་ལས་མཉམ་ལས་ལ་ཤུགས་བསྣན་ནས། མ་འོངས་ཐོན་ལས་དེ་གསར་དར་ཐོན་ལས་དང་སྲོལ་རྒྱུན་ཐོན་ལས་དང་ཕན་ཚུན་ཕན་ནུས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་ཐོད་བརྒལ་གྱི་ཚད་དེས་ཚད་ངེས་ཅན་སྟེང་མ་འོངས་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ཚད་དང་ཁྱབ་ཚད། གཏིང་ཚད་བཅས་ཐག་བཅད་ཡོད། རྒྱལ་ཡོངས་སྒྲིག་སྲོལ་གྱི་ལེགས་ཆ་གསར་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ཐོན་ལས་ཀྱིས་གནད་དོན་འདོན་པ་དང་ཚན་རྩལ་གྱིས་དྲིས་ལན་འདེབས་པ་”རྒྱུན་འཁྱོངས་བྱེད་དགོས་ལ། གཙོ་གནད་ཁྱབ་ཁོངས་ཀྱི་གནད་འགག་སྲོག་ཤིང་དུ་གྱུར་པའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་། རྒྱང་ལྟ་རང་བཞིན། མ་ལག་ཅན་གྱི་བཀོད་སྒྲིག་བཅས་ལ་ཤུགས་བསྣན་ནས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ཇེ་མགྱོགས་སུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མ་འོངས་ཐོན་ལས་མང་པོ་ཞིག་དར་རྒྱས་བྱུང་བ་ནི་ཁེ་ལས་ཀྱིས་རིམ་པ་རེ་རེ་བཞིན་སྐུལ་ཁྲིད་བྱས་པར་བརྟེན་པ་ཡིན། ཁེ་ལས་ཀྱི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱས་ཏེ། གསར་གཏོད་ཀྱི་ཐོན་ཁུངས་སྣ་ཚོགས་ཁེ་ལས་སུ་བསྡུ་རུབ་བྱེད་པར་སྐུལ་འདེད་གཏོང་དགོས་ལ། སྲོག་ཤིང་ལག་རྩལ་སྔོན་ཐོན་དང་གསར་གཏོད་ནུས་པ་དྲག་པའི་ཚན་རྩལ་སྣེ་ཁྲིད་ཁེ་ལས་དང་མཐོ་གསར་ལག་རྩལ་ཁེ་ལས་ནུས་ཤུགས་ཡོད་རྒུས་གསོ་སྐྱོངབྱས་ནས། ཐོན་ལས་མདུན་གྲལ་དང་མཐོ་རིམ་ཁྱབ་ཁོངས་སུ་བསྐྱོད་པར་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། མ་འོངས་ཐོན་ལས་གསོ་སྐྱོང་གི་དུས་འཁོར་རིང་བ་དང་ཁྲོམ་རའི་ཉེན་ཁ་ཆེ་བས། སྲིད་ཇུས་ཐད་རྒྱབ་སྐྱོར་དང་སྲིད་གཞུང་གིས་ཞབས་ཞུ་ཡག་པོ་བསྒྲུབ་དགོས། ནོར་ཁྲལ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཚན་རྩལ་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ལ། ཤེས་ལྡན་པ་སྐྱེད་སྲིང་དང་ནང་འདྲེན། བེད་སྤྱོད་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོར་བསྒྲུབས་ཏེ། སྤྱི་ཚོགས་ཡོངས་སུ་གསར་གཏོད་ལ་སྐུལ་མ་གཏོང་བའི་མཁའ་དབུགས་ཡག་པོ་ཞིག་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མ་འོངས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱབ་རྒྱ་ཆེ་བས། ངེས་པར་དུ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ནས། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་ལྟ་སྐུལ་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱ་དགོས་ལ། འབྲེལ་ཡོད་ཉེན་ཁར་དོགས་ཟོན་བྱས་ནས། དམ་ལྷོད་ལེགས་པོ་ཡོང་བའི་ཁག་ཐེག་བྱེད་དགོས། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་སོ་སོའི་ཚད་གཞི་མཉམ་སྐྲུན་དང་སྒྲིག་སྲོལ་མཉམ་གྲོས། ཐོན་ལས་མཉམ་སྐུལ་བཅས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཚན་རྩལ་མདུན་གྲལ་གྱི་ཤེས་བྱའི་སློབ་སྦྱོང་ལ་ཤུགས་བསྣན་ནས། ཚན་རྩལ་ཤེས་པ་དང་ཐོན་ལས་ཤེས་པ། ཐག་གཅོད་མཁས་པ་ཞིག་བྱེད་དགོས།