ཟླ11པའི་ཚེས11ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་ནོར་བུ་རྒྱ་མཚོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལྟེ་བའི་དམིགས་འབེན་དུ་བརྩིས་ནས། མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་གཅིག་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་སླར་གསོ། ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་གསོ་གསོག་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ། རོང་བུ་དགུ་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གཞི181ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨ་ཆུ་དང་རོང་བོ་དགུ་ཆུའི་བཞུར་རྒྱུད་ཀྱི་ལྗང་མདོག་ཁྱམས་རིང་བསྐྲུན།
རྨ་ལྷོ་ཁུལ་གྱིས་འཆར་འགོད་སྔོན་ལ་སྤེལ་བ་དང་ལམ་ལུགས་ཀྱིས་སྲུང་སྐྱེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཆར་འགོད་སོགས་ཡིག་ཆ་བཅུ་ལྷག་ཙམ་མ་ལག་ལྡན་པའི་སྒོ་ནས་སྒྲིག་སྦྱོར་བྱས་པ་དང་། སྐྱེ་ཁམས་སླར་གསོ་དང་སྦགས་བཙོག་འགོག་བཅོས་སོགས་བྱ་སྤྱོད་ཇུས་གཞི་རབ་དང་རིམ་པ་བཏོན་ནས། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་ནགས་ཚལ་དོ་དམ་སྲུང་སྐྱོབ། རྩྭ་ཐང་དུ་ཕྱུགས་འགོག་པ་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་བྱས་ཏེ། འཆར་འགོད་སྣེ་ཁྲིད་དང་ཇུས་གཞི་དོན་འཁྱོལ་བྱེད་པ། ཁྲིམས་སྲོལ་འགན་སྲུང་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལམ་ལུགས་ཀྱི་གདུབ་ཟུམ་རྣམ་པ་ཆགས། རྨང་གཞི་དེའི་ཐོག་སྐྱེ་ཁམས་གསར་སྐྲུན་གྲུབ་འབྲས་རྒྱུན་མཐུད་ཚད་བརྒལ་བྱུང་བས།“རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ”གྱི་གྲལ་དུ་སླེབས་པ་དང་། ཁམས་ར་ས་གཤིས་སྤྱི་གླིང་ལ“འཛམ་གླིང་ས་གཤིས་སྤྱི་གླིང”གི་མཚན་སྙན་ཐོབ་པས། རྨ་ལྷོའི་སྐྱེ་ཁམས་ཀྱི་མིང་བྱང་རྒྱལ་སྤྱིའི་ཕྱོགས་སུ་བསྐྱོད་ཀྱིན་ཡོད།
སྐྱེ་ཁམས་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་ཡིན་པ་དང་། རིམ་རྩིས་བྱས་ན་ནགས་སྐྲུན་གྱི་རྒྱ་ཁྱོན་སྤྱི་ཆིང་འབུམ་གཉིས་དང་ཁྲི་ལྔ་སྟོང་བརྒྱད་ལྔ་བརྒྱ་དང་། རྩྭ་ཐང་སྐྱེ་ཁམས་སླར་གསོའི་ཚད་སྤྱི་ཆིང་འབུམ་གཉིས་དང་ཁྲི་དྲུག་སྟོང་བདུན་དགུ་བརྒྱར་སླེབས་ཡོད། ནགས་ཚལ་དང་རྩྭ་ཐང་གི་ཁྱབ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་ཐཱན་སྲ་བརྟན་གྱི་ནུས་པ་རྒྱུན་མཐུད་སྒོས་ཆེ་རུ་ཕྱིན་ཡོད། ཁོར་ཡུག་གི་སྤུས་ཚད་ཀྱི་རྒྱུན་སྲུང་ཚད་མཐོ་བ་དང་མཁའ་རླུང་བཟང་བ། ཆུ་སྤུས་ཚད་གཞིར་སླེབས་ཡོད། མཁར་གྲོང་གི་བཙོག་ཆུ་དང་གད་སྙིགས་ཀྱི་ཐག་གཅོད་ནུས་པ་ཆེས་ཆེར་ཇེ་མཐོར་སོང་ཡོད་པས།“གནམ་སྔོན་པོ་དང་། ས་གཞི་ལྗང་བ། ཆུ་གཙང་བ། གྲོང་ཁྱེར་གཙང་བ”བཅས་ཀྱི་སྐྱེ་ཁམས་ཕུགས་འདུན་མངོན་འགྱུར་བྱུང་ཡོད།
སྐྱེ་ཁམས་ཀྱི་དམར་ཐིག་སྲུང་སྐྱོབ་ནན་མོ་བྱས་པ་དང་ཆབས་ཅིག རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཀྱི་རིན་ཐང་མ་དངུལ་དུ་བསྒྱུར་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས། “རི་ཆུའི་རྨ་ལྷོ། མཐོ་སྒང་གི་མཆོག་ནོར”ལ་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་གཅིག་བསྡུས་ཁས་ལེན་དཔང་འདོན་གྱི་ཐོན་རྫས133ཡོད་པ་དང་། རིམ་རྩིས་བྱས་ན་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཏུན་ཁྲི་གཅིག་དང་སྟོང་གསུམ་སུམ་བརྒྱ་ཕྱིར་གཏོང་བྱས་པ་དང་བཙོང་བའི་རིན་གོང་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་བཞི་ལ་སླེབས་ཡོད། “སྦྲ་དཀར”སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་རྣམ་པ་གསར་སྐྲུན་བྱས་ཏེ། རྩེ་ཁོག་གི་ལུག་དང་ཧི་ནན་གྱི་དངུལ་རའི་ལུག་སོགས་ཀྱི་ཐོན་རྫས་ཀྱི་རིན་གོང་མཐོ་བ་དང་སྤུས་ཀ་ལེགས་པོ་མངོན་འགྱུར་བྱུང་བས། འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་ཁྲིད་བྱས། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དང་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་ལ་བརྟེན་ནས། སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་སྐྱེ་ཁམས་ཀྱི་ཁྱད་སྟོབས་ཏེ་རིམ་བཞིན་ཐོན་ལས་ཀྱི་ཁྱད་སྟོབས་དང་དམངས་ཚིས་ཁྱད་སྟོབས་སུ་སྒྱུར་བཞིན་ཡོད།