ཏིང་ཞུའེ་ཞང2025ལོའི་འཛམ་གླིང་རྒྱའི་སྐད་ཡིག་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གཙོ་དོན་གསུང་བཤད་གནང་།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

ཚེས14ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་པེ་ཅིང་དུ2025ལོའི་འཛམ་གླིང་རྒྱའི་སྐད་ཡིག་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

ཏིང་ཞུའེ་ཞང་གིས་བསྟན་དོན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་རྒྱའི་སྐད་ཡིག་སློབ་གསོར་ཚད་མཐོའི་མཐོང་ཆེན་གནང་ཞིང་། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་དང་། མཉམ་སྦྲེལ་མཉམ་འདྲེས་ལ་ཤུགས་སྣོན་པ།  ཕྱོགས་སོ་སོའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས། སྐད་ཡིག་སྤེལ་རེས་ཀྱི་སྦྲེལ་ཟམ་དང་ཕན་ཚུན་རྒྱུས་ལོན་གྱི་སྦྲེལ་ཟམ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་སྦྲེལ་ཟམ་བཅས་ཧུར་ཐག་གིས་བསྐྲུན་དགོས། ལོ་འདི་དག་རིང་ལ། ཀྲུང་གོ་དང་ཕྱི་རྒྱལ་ཕྱོགས་སོ་སོས་ཐུན་མོང་འབད་བརྩོན་འོག  རྒྱལ་སྤྱིའི་རྒྱའི་སྐད་ཡིག་སློབ་གསོར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། རྒྱའི་སྐད་ཡིག་སློབ་སྦྱོང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

ཏིང་ཞུའེ་ཞང་གིས་བསྟན་དོན།  ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མ་འོངས་པའི་ལོ་ལྔའི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་སྔར་ལས་མང་བ་མཁོ་འདོན་བྱ་ངེས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱའི་སྐད་ཡིག་སྦྱོང་བ་དང་ཀྲུང་གོར་རྒྱུས་ལོན་བྱེད་པའི་དགོས་མཁོ་ཡང་རྒྱུན་མཐུད་ངང་ཆེ་རུ་འགྲོ་སྲིད། ཀྲུང་གོ་ཕ་སྐད་རྒྱལ་ཁབ་ཡིན་པའི་ཆ་ནས།  རྒྱལ་ཁབ་ཁག་གིས་རྒྱའི་སྐད་ཡིག་སློབ་གསོ་སྤེལ་རྒྱུར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན།  ཁོང་གིས་གྲོས་འགོ་ཁག་བཞི་བཏོན་པ་སྟེ། གཅིག་ནི་གསར་གཏོད་ཀྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  རྒྱའི་སྐད་ཡིག་གི་གཞི་གྲངས་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་བསྣན་ནས། རྒྱའི་སྐད་ཡིག་སློབ་སྦྱོང་སྔར་ལས་སྟབས་བདེར་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་དགོས།  གཉིས་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱ་དགོས། རྒྱལ་སྤྱིའི་རྒྱའི་སྐད་ཡིག་སློབ་གསོ་དང་། ལས་རིགས་སློབ་གསོ། ཆེད་ལས་སློབ་གསོ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རྒྱའི་སྐད་ཡིག་གི་དངོས་ཡོད་བཀོལ་སྤྱོད་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནས་མཛའ་མཐུན་འགྲོ་འོང་རྒྱུན་འཁྱོངས་བྱེད་དགོས། རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་མཁན་ཀྲུང་གོར་སློབ་སྦྱོང་དུ་ཡོང་རྒྱུར་སྟབས་བདེ་བསྐྲུན་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་དམངས་སེམས་གཅིག་མཐུན་ཇེ་ཟབ་ཏུ་གཏོང་དགོས། བཞི་ནི་སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས་བྱེད་དགོས།  རྒྱ་ཡིག་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སྐད་ཡིག་ཕྱོགས་གཉིས་སྤེལ་རེས་ལ་ཤུགས་བསྣན་ནས། ཤེས་དཔལ་མི་འདྲ་བ་བསྟུན་མཁས་མཉམ་གནས་བྱེད་པ་དང་།  ཕན་ཚུན་སློབ་སྦྱོང་། དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས།

འགོ་རྩོམ་མཛད་སྒོ་མ་འཚོག་པའི་སྔོན་དུ། ཏིང་ཞུའེ་ཞང་གིས་འཛམ་གླིང་རྒྱའི་སྐད་ཡིག་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་།

2025ལོའི་འཛམ་གླིང་རྒྱའི་སྐད་ཡིག་ཚོགས་ཆེན་གྱིས“གསར་གཏོད་ཀྱིས་སྣེ་ཁྲིད་དང་རིག་ནུས་ཀྱིས་ནུས་པ་སྩོལ་”ཞེས་པ་བརྗོད་དོན་དུ་བྱས་ཤིང་། ཀྲུང་གོ་དང་ཕྱི་རྒྱལ་སྲིད་གཞུང་གི་དཔོན་རིགས་དང་ཆེད་མཁས་པ།  མཐོ་རིམ་སློབ་གྲྭའི་འགན་ཁུར་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་སོགས་མི་སྟོང་གཉིས་ཡས་མས་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།