མཚོ་སྔོན་ནང་ཆེན་གྱི་ཐོན་ལས་དར་སྤེལ་ལ་སྒུལ་ནུས་ཆེ་ཞིང་སྟོབས་ཤུགས་འཛོམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 ཐོན་ལས་ནི་རྫོང་ཁོངས་དཔལ་འབྱོར་ཡར་རྒྱས་གོང་དུ་འཕེལ་བའི་འདྲེན་བྱེད་ལྕགས་ཀྱུ་དང་སྐུལ་རོགས་རམ་འདེགས་ཡིན།   མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དབུལ་སྐྱོར་ཐོན་ལས་གླིང་གི་ཐོག་ཁང་དང་དེའི་ལས་གཞི་ཆ་ཚང་ལ་སྔ་རྗེས་སུ་མ་དངུལ་ཁྲི5000ལ་ཉེ་བ་བཏང་ཞིང་། ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ7000ལས་བརྒལ་ཏེ། ཁེ་ལས་ཆུང་འབྲིང་གི་སྐྱེད་སྲིང་དང་འཕེལ་རྒྱས་ཀྱི་སྟེགས་བུ་དང་། ཐོན་ལས་རིམ་སྤར་གོང་སྤེལ་ལ་སྐུལ་འདེད།  ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱེད་པ་བཅས་ཀྱི“བདེ་སྐྱིད་ར་བ”རུ་གྱུར་ཡོད། 

 ཉུང་མ། གསེར་དང་འདྲ་བའི་དགེ་མཚན་ཆུ་གསུམ་འགོ་ན་མཚར། 

  སྟོན་གྱི་དུས་མགོ་འདི་ལ། ཡུལ་ཤུལ་ཁུལ་དགེ་སྦྱོར་སྨན་ལས་ཚད་ཡོད་ཀུང་སིའི་ཀྲུང་བོད་སྨན་རྫས་སྨན་ལེབ་བཟོ་གྲྭ་རུ་བསིལ་སྐམ་ཁང་། བསྲེས་བཟོ་ཁང་།   ལྡེ་གུ་ཁང་།  སྨན་ལེབ་དབྱེ་བླུགས་ཁང་བཅས་ཀྱི་གོ་རིམ་མ་འཆོལ་བར་ཐོན་སྐྱེད་བྱེད་པའི་དེང་རབས་ཅན་གྱི་སྨན་བཟོ་ཁང་ཞིག་མིག་འདུན་དུ་བསྟར་འོང་།

 ཀྲུང་བོད་སྨན་ལེབ་བཟོ་གྲྭའི་འགན་འཁུར་བ་ཨ་གྲགས་ཀྱིས་འདི་སྐད།  ས་མུའུ15ཟིན་པའི་སྨན་ལེབ་བཟོ་གྲྭ་དེ་ནི“སྤྱི་ཁྱབ་ཀུང་སི”ནང་ཆེན་རྫོང་དགེ་སྦྱོར་ལས་རིགས་ལག་རྩལ་སློབ་གྲྭས2023ལོར་མ་དངུལ་ཁྲི1700ལྷག་དང་། ཞིང་གྲོང་དར་སྤེལ་གྱི་རོགས་དངུལ་ལས་སྒོར་ཁྲི500བཅས་བཏང་སྟེ་གསར་དུ་བཙུགས་པ་ཞིག་རེད། ད་ལོའི་ཟླ3ཚེས12ཉིན་དངོས་སུ་ཐོན་སྐྱེད་ཀྱི་མགོ་བརྩམས་ནས་བཟུང་།   ཐོན་རྫས་གསར་སྤེལ་དང་ཞིབ་འཇུག་ཐོག་བཟོས་པའི་ཐོན་རྫས་མཁོ་འདོན་དེ་དགོས་མཁོ་ལས་ཉུང་བའི་ཚུལ་རེད།  ཟླ7ཚེས25ཉིན་དྲ་ཐོག་ཏུ་སྒོར་ཁྲི700ལ་ཉེ་བ་བྲིན་འཚོང་བྱས། 

 ཉུང་མ་དེ་ད་ལྟ་ང་ཚོའི་དགེ་སྦྱོར་ལས་རིགས་ལག་རྩལ་སློབ་གྲྭའི་རྒྱུན་མཐུད་འཕེལ་རྒྱས་ཀྱི‘ཐོན་རྫས་གཙོ་བོ’རུ་གྱུར་བ་དང་། རང་ཞིང་གི་ཐོན་ལས་སྦྲེལ་ཐག་གི‘སྲོག་རྩ’ཡང་ཡིན།  ཨ་གྲགས་ཀྱིས་བཅར་འདྲི་བྱེད་མཁན་རྣམས་འཁྲིད་དེ་ཉུང་མ་ཉར་སའི་མཛོད་ཁང་དུ་གཟིགས་ཞིབ་ལ་ཕྱིན།  འདིར་བཤམས་པ་ནི་ལོ་གཅིག་དང་གསུམ། ལྔ། དགུ་ལ་སྐྱེས་པའི་ཉུང་མའི་མ་བཅོས་རྒྱུ་ཆ་ཡིན། བོད་ཀྱི་གསོ་རིག་གཞུང་ལུགས《རྒྱུད་བཞི》ཡི་ནང་དུ།  མཚོ་བོད་མཐོ་སྒང་གི་གནས་འདིར་ཉམས་ཆུང་བའི་ཟས་སྨན་གཉིས་སུ་བསྟེན་ཆོག་པའི་སྐྱེ་དངོས་འདི་ལ།  མ་ཞུ་བ་ཞུ་བའི་ནུས་པ་དང་། ཡི་ག་འབྱེད་པ།  ཁྲག་གི་འཁོར་རྒྱུག་ལ་ཕན་པ།  ཆམ་ནད་སེལ་བ།  ལུས་ཟུངས་རྒྱས་པ་སོགས་ལ་ཕན་ནུས་ལྡན་ཞེས་འཁོད་ཡོད་པ་དང་། དེའི་ཁར་ཚན་རིག་ལག་རྩལ་གྱི་མཐུ་ལ་བརྟེན་པས་ཉུང་མ་དེ་ཆུ་གསུམ་འགོ་ཁུངས་ནས་ཕྱོགས་བཞི་མཚམས་བརྒྱད་ལ་བསྐྱོད་ཐུབ་པ་བྱུང་ཟེར།

 ས་སྐྱེས་རྡོ་སྐྱེས་ཀྱི་ནང་ཆེན་པ་ཞིག་ཡིན་པའི་ཆ་ནས་ཨ་གྲགས་ཀྱིས་གཟི་བརྗིད་དང་བཅས་འདི་སྐད།  ཉུང་མ་དེ་ས་མུའུ་རེ་ནས་རྒྱ་མ6000ནས་རྒྱ་མ་ཁྲི1ཐོན་ཐུབ་པ་དང་།  ལོ་རེར་ལོ་དུས་རིང་ཐུང་ལྟར་དུ་ཀུང་སིས་ཆ་སྙོམས་སུ་ཉུང་མ་རྒྱ་མ་གང་གི་སྡུད་ཉོ་རིན་གོང་སྒོར25བྱས་པ་དང་། དེ་ཁོ་ནས་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་མི་ཉུང་བ་ཞིག་བསྐྲུན་ཡོད་ཟེར།

 དགེ་རྒན་གྱི་ཕྱག་ལས་གཉེར་མྱོང་བའི་ཨ་གྲགས་ཀྱིས་ཉུང་མའི་ཐོན་ལས་གོང་སྤེལ་གྱི“དགེ་མཚན་ཆེན་མོ་བཞི”ལ་སྤྱི་བསྡོམས་བརྒྱབ་པ་ནི། དང་པོ། ཆུ་གསུམ་འགོ་ཁུངས་ཀྱི་སྣོད་བཅུད་ལ་སྲུང་སྐྱོབ་བྱེད་ཐུབ་པ་སྟེ། ཉུང་མ་འདེམས་འཛུགས་དང་། ཚོང་འདྲེན། བཟོ་སྣོན། བྲིན་འཚོང་བཅས་བརྒྱུད་དེ། ཐོན་ལས་འབྲེལ་ཐག་ཡོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འཁྲིད་དང་། སྣོད་བཅུད་ལ་གཏོར་བརླག་ཐེབས་ཚད་ཇེ་ཉུང་དང་ཕྱུགས་ཟོག་ཐེག་ཚད་ལས་བརྒལ་བ་འཚོ་སྐྱོང་གི་གནད་དོན་འབུར་ཐོན་ཅན་སེལ་ཐུབ། གཉིས་པ། ཀྲུང་བོད་སྨན་རྫས་ཀྱི་སྨན་ལེབ་བཟོ་གྲྭའི་ཐོན་རྫས་སྣ་ཚོགས་དེ་འཛད་སྤྱོད་པ་ལ་མཚོན་ན་སྤྱི་ཚོགས་ཀྱི་བདེ་ཐང་ཆེན་མོར་འཇོག་པའི་ལག་རྗེས་ཤིག་ཡིན། གསུམ་པ། ཀྲུང་བོད་སྨན་ལེབ་བཟོ་གྲྭས་ལོ་རེར་ཐོན་སྐྱེད་རིན་ཐང་གི་ཁེ་འབབ་བགོ་བཤའ་རྒྱག་པ་དེ་མཉམ་འབྲེལ་ཞིང་པས་ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི“བདེ་འཇགས་དྲ་བ”ཞིག་ཡིན།  ཀྲུང་བོད་སྨན་ལེབ་བཟོ་གྲྭའི་འཕེལ་རྒྱས་གཞིར་བཟུང་།  རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ6གི་ཁེ་སྤོགས་བགོ་བཤའ་ལོ་རེར་ཇེ་མཐོར་ཡིན་པ།   བཞི་པ།   ཀྲུང་བོད་སྨན་ལེབ་བཟོ་གྲྭས་གཏན་འཇགས་ཡིན་པའི་ལས་ཞུགས་ལས་གནས24འདོན་སྤྲོད་བྱས་ཤིང་།  མིའི་ཆ་སྙོམས་ཀྱི་གླ་ཕོགས་སྒོར5000ཡིན།   ལས་ཕྱོད་ལེགས་པའི་ལས་བཟོ་བའི་ཟླ་ཕོགས་སྒོར་ཁྲི1ལས་བརྒལ། གཞན་དུས་ཚིགས་རང་བཞིན་གྱི་ལས་བཟོ་བ40ལྷག་བསྡུས་ཏེ།   ཀྲུང་བོད་སྨན་ལེབ་བཟོ་གྲྭའི་ཉེ་འཁོར་གྱི་གྲོང་ཚོའི་ཞིང་འབྲོག་པའི་ལས་ཞུགས་ལམ་ཁ་རྒྱ་བསྐྱེད་ཐུབ་པ་བཅས་སོ། །

 དེ་དང་ཆབས་ཅིག   2011ལོར་བཙུགས་པའི་ནང་ཆེན་རྫོང་དགེ་སྦྱོར་ལས་རིགས་ལག་རྩལ་སློབ་གྲྭ་ལ་སྔ་གཞུག་ཏུ་མ་དངུལ་ཁྲི9000ལྷག་བཏང་།  ཀྲུང་བོད་སྨན་ལེབ་བཟོ་གྲྭའི“ཁྲག་བཟོ”བྱེད་ནུས་ལྡན་རྐྱེན་སློབ་གྲྭ་དར་སྤེལ་ཁྲོད་ཀྱི་མ་དངུལ་གྱི་དཀའ་ངལ་དག་སེལ་ཐུབ་པ་བྱུང་།  “ཐོན་སློབ་མཉམ་བསྲེས། སློབ་ཁེ་གཞི་གཅིག”གི་སློབ་གཉེར་བྱེད་སྟངས་དོན་དངོས་སུ་གྱུར་བ་དང་། “སློབ་གཉེར་ཐོན་ལས+སློབ་ཁྲིད་ལག་ལེན”མཉམ་འབྲེལ་གྱི་སྟེགས་བུ་ལས་ཡུལ་དེ་དང་ཐ་ན་བོད་འབྲེལ་ས་ཁུལ་གྱི་འཇོན་མི་མང་པོ་ཞིག་སྐྱེད་སྲིང་བྱས་པས། ཀྲུང་གོའི་ཕུགས་འདུན་དང་། འབྱོར་འབྲིང་སྤྱི་ཚོགས་སུ་ཕྱོགས་ཡོངས་ནས་སྐྱོད་པར་སློབ་གསོའི་རྨང་གཞི་བརྟན་པོ་བཏིངས།

 ཚྭ་དམར།  ལོ་སྟོང་གི“དྲོ་བའི་རྒྱལ་བོ”སྐལ་བར་བརྟན། 

 བཟའ་ཚྭ་འདི་ལ“རོ་བརྒྱའི་རྒྱལ་བོ”རུ་གྲགས། 

 ནང་ཆེན་རྫོང་གི་ཚྭ་ཆུ(ཚྭ་དམར)ཉར་ཚད་ཧ་ཅང་ཕུན་སུམ་ཚོགས་ཤིང་།  ལོ་ངོ་སྟོང་གི་གནའ་བའི་ཚྭ་སྐམ་གྱི་སྲོལ་རྒྱུན་བཟོ་རྩལ་ལྡན་པས། བོད་ལྗོངས་དང་ཡུན་ནན་སོགས་ས་ཁུལ་དང་། བལ་བོ་དང་རྒྱ་གར་སོགས་རྒྱལ་ཁབ་ཏུ་འཚོང་བཞིན་ཡོད། 《མཚོ་སྔོན་ཞིང་ཆེན་ཚྭ་ཡི་ལོ་རྒྱུས》ནང་དུ།  ནང་ཆེན་ཁོངས་སུ་ཚྭའི་ཆུ་མིག29རྙེད་ཅིང་། དེའི་ནང་སྤྲེལ་ཚྭ་སོགས་ཚྭ་ར8ཡོད་པ་དང་། དེ་དག་ཚྭ་མིག་གཏེར་འགྱུར་གྱི་ཚད་ཧ་ཅང་ཆེ་བས། འཛམ་གླིང་སྟེང་རྙེད་པའི་གཏེར་འགྱུར་ཚད་ཧ་ཅང་མཐོ་བའི་ཚྭ་ཆུ་ཡིན་ཞེས་འཁོད་ཡོད།  

 ནང་ཆེན་ས་ཁུལ་གྱི་ཚྭ་ཆུ་ཉར་ཚད་ཧ་ཅང་ཕུན་སུམ་ཚོགས་ཤིང་མང་ཤོས་རང་ནས་བརྡོལ་ཏེ་ཆུ་མིག་ཏུ་གྱུར་བ་ཡིན་ལ།  སྐས་རིམ་བཞིན་རི་ངོས་སུ་ཁེབས་ཡོད།   ཚྭ་ཆུ་རེ་ནི་ཆུ་མིག་མི་འདྲ་བ་ལས་བརྡོལ་བ་ཡིན་ཞིང་། ཆེས་ཆུང་བའི་ཆུ་མིག་གི་ཆུ་འབབ་ཚད་ཧ་ལམ་སྐར་ཆ་རེ་ལ་ཧྲེང0.01རེད།  ཆེས་ཆེ་བ་སྐར་ཆ་རེ་ལ་ཧྲེང1.7ཡིན་པ་དང་། དེ་ལས་བབས་པའི་ཚྭ་ཆུ་རང་དུ་སྤུངས་ནས་ཚྭ་རགས་སུ་ཆགས་པ་དང་། ཡང་ན་མིས་བཟོས་ཚྭ་རྫིང་དུ་བབས།  ཚྭ་ཆུ་དེ་ཚྭ་ཞིང་དུ་འདྲེན་པའི་གོ་རིམ་ཁྲོད་དུ་རི་ངོས་ཀྱི་ས་དམར་ལ་འཕྲད་པར་བརྟེན།  ནང་ཆེན་ནས་ཐོན་པའི་ཚྭ་ཁ་ཤས་ཅུང་དམར་བས་མིང་ལ་ཚྭ་དམར་ཞེས་བཏགས།

 རྫོང་མཁར་དང་བར་ཐག་ལེ་དབར30ཡོད་པའི་མཚམས་སུ།  ཚྭ་ཞིང1170ལྷག་གིས་གྲུབ་པའི་སྤྲེལ་ཚྭའི་ཚྭ་ར་དེ་མཐོ་དམའ་མི་འདྲ་བའི་རི་ངོས་ཀྱི་སྨི་གྲུ་བཞི་མ་ཁྲི3.44ཡི་ས་དམར་གདན་བྱས་ཡོད་ཅིང་།  ཉི་ནུབ་ཀྱི་མཚམས་སྤྲིན་འོག་ཏུ་མཚོ་འཕགས་སྨི4000གི་མཛེས་ལྗོངས་དེ་རང་བྱུང་གི་སྣུམ་ཚོན་རི་མོ་ཞིག་དང་ཀུན་ནས་མཚུངས་པ་དང་།  ཚྭ་བཟོས་ལོ་རྒྱུས་དེ་ཡང་སུའེ་ཐང་གི་བར་ལ་འདེད་ཐུབ།  ད་སྔ་ལོ་རེར་ཚྭ་དམར་ཏུན1200ཐོན་སྐྱེད་ཐུབ་ཀྱིན་ཡོད། 

 ཚྭ་ཞིང་གི་གམ་ན་ཡོད་པའི་ནང་ཆེན་གྱི་ཚྭ་དམར་མྱོང་རོལ་ཁང་ནི་ཡུལ་སྐོར་བ་ངེས་སྐྱོད་ཀྱི་གནས་ཤིག་ཡིན།   དེ་ལས་ཚྭ་རྡོག་གཅིག་གིས་མེས་པའི་བློ་གྲོས་ཀྱི་ངག་སྒོ་ཕྱེས་ནས་གནའ་བའི་ཤེས་རིག་གཏམ་ལ་དྲངས་ཤིང་། ཐང་བོད་གནའ་ལམ་གྱི་རྔ་དྲིལ་སེང་སེ་གྲགས།   བསྡོམས་རྩིས་ལྟར་ན།  ནང་ཆེན་གྱི་ཚྭ་ཐོན་སྐྱེད་ཀྱི་སྤྱི་འབོར་ནི་ཏུན5000ཡས་མས་རེད།  ནང་ཆེན་རྫོང་ཚྭ་ལས་ཀུང་སིས་ད་སྔའི་བར་ཀ་གཞུང་ཚྭ་ར་དང་། སྤྲེལ་ཚྭ་ཚྭ་ར། མདའ་སྐེད་ཚྭ་ར་སོགས་ཚྭ་ར8གཉེར་སྐྱོང་བྱེད་པ་དང་། སོ་སོ་རང་རང་གི་གྲོང་ཚོ་ཡིས་འགན་གཙང་ལེན་བྱས་ཡོད།

 མྱོང་རོལ་ཁང་དུ2022ལོའི་ཀྲེན་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནས་མཐར་ཕྱིན་པའི་ཚྭ་དམར་ཐོན་རྫས་ཐད་གཏོང་བྱེད་མཁན་འཇམ་ཚེ་ལ་འཕྲད་བྱུང་།  ཁོས་རྒྱ་སྐད་དག་མའི་སྒོ་ནས་དྲ་སྒང་དུ་འོས་སྦྱོར་ཁྱབ་གདལ་བྱེད་བཞིན་འདུག

 ཀུང་སིའི་ནང་གི་བྲིན་འཚོང་དང་ཚོང་འགུགས།  ཐད་གཏོང་བཅས་ཀྱི་ལས་ཀ་ངས་འགན་ཁུར་གྱིན་ཡོད།  ད་ལྟ་དྲ་སྒང་དང་དྲ་འོག་གཉིས་ཀ་ནས་ཤུགས་བཏོན་པའི་རྐྱེན་གྱིས། ཚྭ་དམར་གྱི་བྲིན་འཚོང་དེ་དང་ཐོག་གི་སྒོར་ཁྲི་བཅུ་ཕྲག་ནས་ད་ལྟའི་ཁྲི་བརྒྱ་ལ་འཕེལ་ཡོད་ཅེས་འཇམ་ཚེ་ནས་གདེང་ཚོད་ཆེན་མོས་དེ་ལྟར་བཤད།  ད་ལོའི་ཟླ1པོ་ནས7ཡི་བར་དུ།  དྲ་སྒང་དང་དྲ་འོག་ཏུ་སྔ་གཞུག་ལ་བྲིན་འཚོང་བྱས་པ་སྒོར་ཁྲི600ལས་བརྒལ་བ་དང་།  ད་ལོར་ཀུང་སའི་ཉུང་རྩིས་བརྒྱབ་ན་ཡང་སྒོར་ཁྲི1000བྲིན་འཚོང་བྱེད་ཐུབ།  ཟོང་འདྲེན་དོ་དམ་གྱི་ཆེད་ལས་སྦྱངས་མྱོང་བའི་འཇམ་ཚེ་ཡིས་སྤོབས་པ་དང་ངར་ཤུགས་འཛོམས་པའི་ལས་གཏོད་ཀྱི་ལམ་དུ་རང་གི་ཁྱད་ཆོས་ཕྱིར་མངོན་ཏེ།   “ཚྭའི་ཐོན་རྫས་དང་ཚྭའི་རིག་གནས། ཚྭའི་ཡུལ་སྐོར”བཏོད་པའི་ཐད་ལ་རང་གི་ལང་ཚོ་འབུལ་བཞིན་ཡོད། 

 2024ལོ་ནས་བཟུང་།  ནང་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག   མ་དངུལ་སྒོར་ཁྲི340བཏང་སྟེ།   ནང་ཆེན་ཚྭ་དམར་ཐོན་སྐྱེད་བཟོ་སྣོན་ལས་གཞི་བསྐྲུན་ཞིང་། ད་ལྟ་གཞི་ཁྱོན་ཅན་དང་དེང་རབས་ཅན། ཆེད་ལས་ཅན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་དང་།  ཚྭ་དམར་གྱི་ལུམས་རྒྱག་ཁུག་མ་དང་།  རྐང་འཁྲུས།    འདག་རྫས་སོགས་ཐོན་རྫས་རིགས8ཞིབ་འཇུག་གསར་སྤེལ་བྱས་པར་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ།  མཉམ་འབྲེལ་ཞིང་ལས་ཀྱིས་ཞིང་པར་སྐུལ་ཁྲིད་བྱས་པའི་ཁྲོད་དུ་ས་གནའ་དེ་གའི་མི68ཡི་ལས་ཞུགས་ཐག་བཅད་པ་དང་། དེའི་ནང་གི་མི62དབུལ་ཐར་བྱུང་ཞིང་ལྟ་ཞིབ་བྱ་ཡུལ་ཁོངས་མིར་གྱུར།  “ཆར་ཟིལ་འཆར་གཞི”ཡི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ8བཅས་ཡོད།   2023ལོར་ཁེ་སྤོགས་སྒོར་ཁྲི24རག་པ་དང་། 2024ལོར་ཁེ་སྤོགས་སྒོར་ཁྲི32རག  ད་ལོར་སྔོན་དཔག་བྱས་ན་ཁེ་སྤོགས་སྒོར་ཁྲི42རག་སྲིད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།