ཟླ7ཚེས1ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་སུ་རྟོག་ཞིབ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཁེ་ལས་ཀྱི་ལོ་སྟོད་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་དང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཕན་འབྲས་གསར་པར་བརྟེན་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གྱིས་བསྟན།
སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཀུང་ཟིའི་ཏང་ཨུས་ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོ་བའི་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱས་པ་དང་། གཙོ་གནད་འགན་འཁྲིར་དམིགས་ཏེ། “སློབ་བཤེར་སྒྱུར་སྐུལ”ཕྱོགས་བཞིའི་ཐད་གནད་འཁེལ་ཤུགས་འདོན་བྱས་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་གཟབ་ནན་གྱིས་སྤེལ་ནས་ཕན་འབྲས་ཐོན་པར་བྱས་ཡོད། མགོན་པོ་བཀྲ་ཤིས་ཀྱིས་ནུབ་རྒྱུད་གཏེར་ལས་ཀྱིས་སློབ་སྦྱོང་སློབ་གསོའི་ཐད་བླངས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་བ་ནི། བློ་བརྟན་འགྱུར་མེད་སྒོས “གཏན་ཕབ་གཉིས” ལ་གོང་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན། སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་བཤེར་འདོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཉེན་བརྡའི་སློབ་གསོ་ཏན་ཏིག་གིས་སྤེལ་བ། བཅོས་སྒྲིག་དམ་འཛིན་ཡག་པོ་བྱེད་པ། སྒོ་ཕྱེ་ནས་སློབ་གསོ་སྤེལ་བ་རྒྱུན་འཁྱོངས་བཅས་བྱས་ཏེ་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ནུས་ཤུགས་ཡོད་པ། བཅོས་སྒྱུར་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་བའི་དངོས་ཡོད་ཕན་འབྲས་སུ་བསྒྱུར་དགོས།
མགོན་པོ་བཀྲ་ཤིས་ཀྱིས་ཁེ་ལས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་དེང་སྐབས་འཕེལ་རྒྱས་ཁྲོད་གནས་པའི་དཀའ་གནད་ལ་ནན་ཏན་སྒོས་རྒྱུས་ལོན་བྱས་ནས། འཆར་གཞི་འགོད་པ་དང་དཀའ་གནད་སེལ་བར་རོགས་རམ་བྱས། ཁོས་བཤད་རྒྱུར། ནུབ་རྒྱུད་གཏེར་ལས་དེ་མཚོ་སྔོན་རང་གི་ཁེ་ལས་རྙིང་པ་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་གཏེར་ལས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་གཟི་བརྗིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། མི་དམངས་ཀྱི་བརྩེ་སེམས་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཁེ་ལས་ཀྱི་རིག་གནས་ཁྲོད་གཏིང་ཟབ་ཏུ་འདྲེས་པར་བྱས་ཡོད་ལ། ཁེ་ལས་ཀྱི་རིག་གནས་དེ་ལྟ་བུའི་སྣེ་ཁྲིད་འོག་རིམ་བཞིན་གཏེར་རི་བཙོ་སྦྱང་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས། རིག་གནས་ཡུལ་སྐོར། འཛུགས་སྐྲུན་ས་ཁོངས། དངུལ་རྩའི་ཉོ་ཚོང་། ཆ་འཕྲིན་ཚན་རྩལ་བཅས་ཁེ་ལས་དྲུག་གཅིག་ཏུ་འདུས་པའི་ཁེ་ལས་སྡེ་ཚོགས་གྲུབ་ཡོད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཐོན་ཁུངས་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་རུ་བརྩིས་ནས་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། ཁེ་ལས་བདེ་ཐང་གིས་མགྱོགས་པོར་འཕེལ་རྒྱས་གཏོང་དགོས། ནུབ་རྒྱུད་གཏེར་ལས་འགོ་ཁྲིད་ཚན་ཁག་གིས་ནུབ་རྒྱུད་གཏེར་ལས་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་ཁག་ཁུར་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱ་ཆེད་མུ་མཐུད་དུ་འབད་འཐབ་བྱ་དགོས།