རང་རེའི་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཆེན་མི་ཤུགས་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་ཏུ《2025ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི“རོགས་གསུམ་སྐྱོར་གཅིག”གི་འཆར་འགོད་ལས་བསྡུའི་བྱ་བ་ལེགས་པོར་བསྒྲུབ་པའི་བརྡ་ཐོ》པར་འགྲེམ་བྱས་ཏེ། 2025ལོའི“རོགས་གསུམ་སྐྱོར་གཅིག”གི་འཆར་འགོད་ལས་བསྡུའི་བྱ་བ་འགོ་བརྩམས་ཏེ། ཞིང་ཆེན་ཡོངས་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ1950བསྡུ་རྩིས་ཡོད་ཅིང་། ན་ནིང་དང་བསྡུར་ན་མི40ཡིས་འཕར་ཡོད་པ་དང་། ཟླ8པའི་ཟླ་མཇུག་ཏུ་ཚང་མ་ལས་ཚོགས་སུ་ཞུགས་རྒྱུར་གཏན་འཁེལ་བྱས་འདུག
རང་ཞིང་གིས“རོགས་གསུམ་སྐྱོར་གཅིག”གི་འཆར་འགོད་དེ་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོ་ལྡན་པའི་ཉིན་ཧྲིན་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭའི2024ལོའི་ཟླ5པའི་རྗེས་སུ་སློབ་མཐར་ཕྱིན་པའི་ཆེད་སྦྱོང་དང་དེའི་ཡན་གྱི་བསླབ་གནས་ལྡན་པའི་མཐར་ཕྱིན་སློབ་མར་ཁ་ཕྱོགས་ཏེ། གཙོ་བོ་རྫོང(གྲོང་ཁྱེར། ཆུས། སྲིད་ཨུ།)དང་དེའི་མན་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ཞིང་ཕྱུགས། སྨན་ཁང་། སློབ་འབྲིང་དང་སློབ་ཆུང་། སྤྱི་བའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ། ཆུ་བེད། ནགས་རྩྭ་དང་སྐྱེ་ཁམས་སོགས་ཀྱི་སྲིད་འཛིན་དོན་ལས་ལས་ཁུངས་ཀྱི་ལས་གནས་སྟེང་བསྡུས་ཏེ་གཞི་རིམ་གྱི་ཞབས་ཞུའི་ལས་དོན་སྤེལ་རྒྱུ། “རོགས་གསུམ་སྐྱོར་གཅིག”མི་སྣའི་ཞབས་ཞུའི་དུས་ཡུན་ལོ2ཡིན་ཅིང་། ཞབས་ཞུའི་དུས་ཡུན་རིང“རོགས་གསུམ་སྐྱོར་གཅིག”གི་འཚོ་བའི་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་གི་ཁ་གསབ། འགྲིམ་འགྲུལ་དང་ལུས་པོ་བརྟག་དཔྱད་ཀྱི་ཁ་གསབ་ཡོད་པ་དང་། ཞབས་ཞུའི་དུས་ཡུན་ལོ་ཕྱེད་ཀ་འགོར་རྗེས་སྒོར3000གྱི་སྡོད་ཁང་གི་ཁ་གསབ་གྲོན་དངུལ་ལོངས་སུ་སྤྱད་ཆོག །ཞབས་ཞུའི་དུས་ཡུན་ལོན་ནས་དཔྱད་ཞིབ་འོས་ཐང་དང་མཐུན་ཚེ《མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི“རོགས་གསུམ་སྐྱོར་གཅིག”གི་ཞབས་ཞུའི་དཔང་ཡིག》སྤྲོད་ངེས།