ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ6པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོན་པོར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་དང་ལྷག་པར་བོད་འབྲེལ་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ནས་གཞི་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ། བྱ་བའི་རང་འགུལ་དབང་ཆ་དམ་པོར་འཛིན་པ་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་དམངས་ཚིས་བདེ་སྐྱིད་ལེགས་བཅོས་ལ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོས་མིག་སྔར་རང་ཞིང་གི་སློབ་སྦྱོང་སློབ་གསོའི་ཐད་བཏོན་པའི་བྱ་བའི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ངེས་པར་དུ་ལྔ་གཙོར་འཛིན་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་གྲོང་གསེབ་བཅས་ཡོངས་སུ་ཁྱབ་པ་རྒྱུན་འཁྱོངས་བྱེད་དགོས་ལ། དག་ཐེར་བཅོས་སྐྱོང་རྒྱུན་རྣམ་ཡུན་ཕན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་སྒྲིག་འགལ་གྱིས་ཟ་འཐུང་བྱེད་པ་དང་གཞུང་རྒྱུ་ཡུལ་སྐོར་ཐད་སྤྱོད་པ་སོགས་ནང་དོན་གཙོ་བོར་བྱས་ནས་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པ་དང་།འགན་འཁྲིའི་ཕྲེང་ཐག་ཇེ་ནན་དུ་གཏོང་བ། མཛུབ་སྟོན་ལྟ་སྐུལ་ལ་ཤུགས་བསྣན་ནས། སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་སྡེའི་གཞི་རིམ་ལས་བྱེད་པས་སྤྱོད་གཙང་སྒོས་ལས་འགན་སྒྲུབ་པའི་གཏན་འབེབས་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། རང་ཞིང་གིས་ཏང་ཨུས་གཅིག་འདོམས་དང་། སྒྲིག་ཨུས་ལྟ་སྐུལ། སྡེ་ཁག་གིས་མཐུན་སྦྱོར་བཅས་ཀྱི་ལྟ་སྐུལ་མ་ལག་མྱུར་དུ་འཛུགས་པའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྒྲིག་བསྟར་ལྟ་སྐུལ་ཤུགས་དྲག་ཏུ་གཏོང་བ་དང་། མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་ཆེད་དོན་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཞི་རིམ་ནས་ལག་བསྟར་བྱེད་པ་དང་། ཞིང་སྡེ་ཡོངས་སུ་ཁེབས་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་བདུན་པའི་ཕྱོགས་བསྡུས་གནས་ཚུལ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་གསུམ་པའི་ཕྱོགས་བསྡུས་དག་ཐེར་གནས་ཚུལ་སྙན་ཞུ་བྱས་པར་ཉན་ཞིང་། གནད་དོན་ལན་སྤྲོད་བྱ་བ་གཟབ་ནན་གྱིས་ལེགས་པོར་སྒྲུབ་སྟེ། འགན་འཁྲི་ཤུགས་དྲག་ཏུ་བཏང་ནས་དག་ཐེར་དམ་འཛིན་བྱེད་པ་དང་། སྐོར་ཞིབ་ལས་ཤེས་རྟོགས་བྱུང་བའི་གནད་དོན་གྱི་ཁུངས་སྣེ་སྒྲིག་ཁྲིམས་སྒྲིག་སྲོལ་ལྟར་འཚོལ་ཞིབ་ཐག་གཅོད་བྱེད་པའི་ནུས་ཚད་ཆེ་རུ་གཏོང་བ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བརྒྱད་པ་ཡག་པོར་སྤེལ་ཏེ་སྐོར་ཞིབ་ཀྱི་བྱེད་ནུས་དྲག་པོ་འདོན་སྤེལ་གང་ལེགས་བྱས་ནས། རུལ་སུངས་བཅོས་སྐྱོང་དང་ཆད་གཅོད་ཀྱི་རྣམ་པ་ལེགས་པོ་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱ་དགོས།

གྲོས་ཚོགས་ལས2025ལོའི་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་མཐོ་རིམ་སློབ་གྲྭ་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་བཅས་ཀྱི་དཔྱད་ཞིབ་དམིགས་འབེན་གྱི་གནས་ཚུལ་སྙན་ཞུ་བྱས་པར་ཉན་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་ལས་དོན་སྔར་ལས་འཐུས་ཚང་དུ་གཏོང་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མིག་མཐོང་ལག་ཟིན་སྒོས་ཇེ་བརྟན་དུ་གཏོང་བའི་སྐོར་གྱི་བསམ་ཚུལ་ལ་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།